ཉེ་སྔོན་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གིས་རྒྱལ་ཁབ་གློག་ཤུགས་མ་འཇོག་སྡེ་ཚོགས་མ་རྐང་ཚོད་འཛིན་གྱི་ཅི་ལིན་གློག་ཤུགས་མ་རྩ་ཚད་ཡོད་ཀུང་སི་དང་མཉམ་དུ་ནུས་ཁུངས་གཙང་མ་སྔོག་འདོན་བྱེད་པའི་འཐབ་ཇུས་མཉམ་འབྲེལ་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་། ནང་ཆེན་རྫོང་ནང་ཁུལ་དུ་གསར་སྤེལ་བྱེད་པ་དང་། ཕྱུགས་ལས་དང་རླུང་འོད་ཕན་ཚུན་གསབ་པའི་གློག་འདོན་ཇུས་གཞི་འཛུགས་སྐྲུན་བྱེད་འཆར་ཡོད་པ་དང་སྤྱིའི་ཤོང་ཚད་སྟོང་ཝ་ས་ཡ་ལྷག་གི་ཡན་དུ་བརྒལ་བ་དང་དཔེ་སྟོན་རང་བཞིན་གྱི་དག་གཙང་ནུས་ཁུངས་གཙང་མའི་ཐོན་ལས་གླིང་འཛུགས་པར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་རེད།
ནང་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ལྷོ་གནས་སུ་ཡོད་ལ། ཉི་ནུས་དང་རླུང་ནུས། ཆུ་ནུས་ཐོན་ཁུངས་ཕུན་སམ་ཚོགས་པ་དང་། དག་གཙང་ནུས་ཁུངས་ཐོན་ཁུངས་ཀྱི་རྫོང་གྲགས་ཅན་ཞིག་ཡིན། ཅི་ལིན་གློག་ཤུགས་མ་རྩ་ཚད་ཡོད་ཀུང་སིའི་མིག་སྔའི་སྤྱིའི་ཤོང་ཚད་སྟོང་ཝ་བྱེ་བའི་ཡན་དུ་སླེབས་ཡོད་ལ། དེའི་ཁྲོད་དུ་ནུས་ཁུངས་གཙང་མས་བརྒྱ་ཆའི་རེ་བཞི་ཟིན། ཀུང་སིའི་འཕེལ་རྒྱས་ཇུས་གཞི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་སོགས་ས་གནས་ཉེར་དགུར་ཁྱབ་ཡོད། ཐེངས་འདིའི་འཐབ་ཇུས་མཉམ་འབྲེལ་སྒྲོམ་གཞིའི་གྲོས་མཐུན་གྱིས་ནང་ཆེན་གྱི་ཐོན་ཁུངས་ལེགས་ཆ་དང་འབྲོག་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཤུགས་ཆེན་པོས་ཕྱུགས་ལས་དང་རླུང་འོད་ཕན་ཚུན་གསབ་པའི་གློག་འདོན་ཇུས་གཞི་འཕེལ་རྒྱས་སུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་ནུས་ཁུངས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་སྤོར་ཐད་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་ཐུབ།
ཤེས་རྟོགས་བྱུང་བ་ལྟར་ན། ཐོག་མའི་ལྟ་ཞིབ་བྱས་པ་བརྒྱུད་ཅི་ལིན་གློག་ཤུགས་མ་རྩ་ཚད་ཡོད་ཀུང་སིས་ནང་ཆེན་རྫོང་གི་ནུབ་ཕྱོགས་ཀྱི་གྲོང་བརྡལ་དང་ཡུལ་ཚོ་བཞི་རུ་དག་གཙང་ནུས་ཁུངས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་འཆར་ཡོད་པ་དང་སྤྱིའི་ཤོང་ཚད་ཕལ་ཆེར་སྟོང་ཝ་ས་ཡ་གསུམ་ལྷག་ཡོད་ལ། བསྡོམས་པས་སྒོར་དུང་ཕྱུར་བརྒྱ་དང་ཉི་ཤུ་མ་རྩར་བཞག་པ་དང་དུས་རིམ་བཀར་ནས་གསར་སྤེལ་བྱེད་རྒྱུ་རེད། རིམ་པ་དང་པོའི་སྐབས་སུ་དག་གཙང་ནུས་ཁུངས་ཀྱི་ཁ་གསབ་ཇུས་གཞིའི་སྤྱིའི་ཤོང་ཚད་སྟོང་ཝ་བརྒྱད་ཅུ་ཟིན་པ་དང་སྒོར་དུང་ཕྱུར་སུམ་ཅུ་མ་རྩར་འཇོག་འཆར་རེད།
མི་ཕམ་མགོན་པོས་བསྒྱུར།