ཟླ་དྲུག་པའི་ཚེས་དགུ་ཉིན་གྱི་སྔ་དྲོ། རང་ཞིང་གི2021ལོའི་མཐོ་རྒྱུགས་རྒྱལ་ཁའི་ངང་མཇུག་བསྡུས། ད་ལོའི་མཐོ་རྒྱུགས་སྐབས་སུ་ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱུགས་ཁུལ་སོ་བཞི་དང་། རྒྱུགས་ལེན་ས་ཆ་ཞེ་དགུ། རྒྱུགས་ཁང་སྟོང་གཅིག་དང་དྲུག་བརྒྱ་རེ་དྲུག་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་མ་ཁྲི་བཞི་དང་སྟོང་བརྒྱད་སུམ་བརྒྱ་དང་བཅུས་རྒྱུགས་བླངས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ད་ལོའི་མཐོ་རྒྱུགས་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། བསྡོམས་པས་རྒྱུགས་དོན་མི་སྣ་སྟོང་བརྒྱད་ལྷག་བཀོད་སྒྲིག་བྱས་ནས་རྒྱུགས་ལེན་རྩ་འཛུགས་དང་རིམས་ནད་འགོག་བཅོས། བདེ་འཇགས་འགོག་སྲུང་། རྒྱུགས་ལེན་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་བྱ་བའི་ཁྲོད་ཞུགས་ཏེ། རྒྱུགས་དོན་དོ་དམ་ནན་མོ་བྱས་པ་དང་རྒྱུགས་ཤོག་གསང་སྲུང་ཇེ་དྲག་ཏུ་བཏང་ལ། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་འགོག་བཅོས་བྱས་པ་དང་། རྒྱུགས་སྲོལ་རྒྱུགས་ཁྲིམས་དམ་འཛིན་བྱས་པས། རིམས་འགོག་དང་རྒྱུགས་ལེན་རྩ་འཛུགས་དང་ཡོམ་འགོག་རྒྱུགས་སྲུང་གི་ཉམས་སད་ཐེག་ཐུབ་པར་བྱས་ནས། བསྟུད་མར་ལོ་མང་པོའི་རིང་གི་བདེ་འཇགས་རྒྱུགས་ལེན་གྱི་དམིགས་འབེན་མངོན་འགྱུར་བྱུང་།
མགོ་ལོག་ས་ཁུལ་གྱི་ལྔ་བའི་ཉེར་གཉིས་ཉིན་གྱི་ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་འགུལ་རྗེས་ཀྱི་ཡོམ་འཕྲོ་བསྟུད་མར་བྱུང་བའི་དམིགས་བསལ་གནས་བབ་ལ་ཁ་གཏད་དེ། རྒྱ་ཆེའི་རྒྱུགས་ཞུགས་སློབ་མའི་ཚེ་སྲོག་བདེ་འཇགས་དང་རྒྱུགས་ལེན་ལ་ཁག་ཐེག་བྱེད་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་དམངས་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། འགོ་ཁྲིད་གཙོ་བོས་དངོས་སུ་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་བྱ་བའི་རེ་བ་བཏོན། སློབ་གསོ་པུའུ་ཡིས་དུས་ཚོད་དང་པོའི་ནང་སེམས་ཁུར་བྱས་པ་དང་། ཤུགས་ཡོད་ཀྱི་མཛུབ་སྟོན་འདོན་སྤྲོད་བྱས། ཞིང་ཆེན་སློབ་བསྡུ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་ནན་མོ་བྱས་ཏེ། མགོ་ལོག་ཁུལ་སློབ་བསྡུ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པར་མཛུབ་སྟོན་བྱས། མགོ་ལོག་ཁུལ་གོང་འོག་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་དུས་ཚོད་དམ་འཛིན་གྱིས་སྦྲ་གུར་རྒྱུགས་ཁང་ཕུབ་པ་དང་། སྡེ་ཁག་སོ་སོས་སྟོབས་ཤུགས་ཡོད་རྒུས་རྒྱུགས་ལེན་ལ་འགན་སྲུང་བྱས་པས། རྒྱུགས་དོན་རྩ་འཛུགས་པ་དང་འཕྲལ་བསྟུན་ཐག་གཅོད་ཐད་ནས་ནོར་འཛོལ་མེད་པ་དང་། རྒྱུགས་སྲོལ་རྒྱུགས་ཁྲིམས་དང་བདེ་འཇགས་དོ་དམ། རྒྱུགས་ཞུགས་སློབ་མའི་ཞབས་ཞུ་བྱ་བའི་ཚད་གཞི་ཇེ་དམའ་རུ་མི་འགྲོ་བ་མངོན་འགྱུར་བྱུང་བ་མ་ཟད། རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག སྤྱི་ཚོགས་ལས་རིགས་སོ་སོས་ཁས་ལེན་དང་བསྔགས་བརྗོད་ཐོབ།
མཐོ་རྒྱུགས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་རིམ་པ་སོ་སོས་དྲིལ་སྒྲོག་དང་དྲ་འཕྲིན། སྤྱི་བདེ། གསང་སྲུང་། འཕྲོད་བསྟེན་བདེ་ཐང་། ནད་འགོག སྐུད་མེད་གློག་དོ་དམ། ཚོང་ར་ལྟ་སྐུལ་དོ་དམ། གློག་ཤུགས་སོགས་སློབ་བསྡུ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག་བར་མཉམ་ལས་བྱས་ནས། གཅིག་བསྡུས་སྒོས་མཐོ་རྒྱུགས་ལ་འགན་སྲུང་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། ཁྱོན་ཡོངས་ནས་རྒྱུགས་ལེན་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན། སྤྱི་ཚོགས་ལས་རིགས་སོ་སོས་སེམས་ཁམས་ཟུར་ཁྲིད་ཀྱིས་རྒྱུགས་ལེན་ཐད་རོགས་འདེགས་བྱེད་པ་དང་རླངས་འཁོར་རུ་ཁག་གིས་རྒྱུགས་ལེན་ལ་འགན་སྲུང་བྱེད་པ་སོགས་བྱ་འགུལ་སྤེལ་ནས། རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་ཚོ་སེམས་བདེ་མོས་རྒྱུགས་ལེན་པ་དང་སེམས་ལྷོད་པོས་རྒྱུགས་ལེན་ཐུབ་པར་བྱས། རང་ཞིང་གི་ད་ལོའི་མཐོ་རིམ་སློབ་ཆེན་གྱི་སློབ་བསྡུ་རྒྱུགས་ལེན་བྱ་བའི་བཀོད་སྒྲིག་ལྟར་ན། ཟླ་དྲུག་པའི་ཚེས་བཅུ་ཉིན་ནས་བཟུང་རྒྱུགས་ཤོག་ལ་བལྟ་བའི་བྱ་བའི་དུས་རིམ་དུ་ཞུགས་པ་དང་། ཧ་ལམ་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་སློབ་བསྡུ་སྐར་གྲངས་དང་སློབ་མའི་རྒྱུགས་འབྲས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། ཟླ་བདུན་པའི་ཟླ་མགོ་དང་ཟླ་བརྒྱད་པའི་ཟླ་སྨད་དུ་སློབ་བསྡུའི་བྱ་བ་སྤེལ་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།