ཞིང་ལས་ཞིང་སྡེ་པུའུ་དང་ཞིང་ཆེན་སྲིད་གཞུང་གི་མཉམ་དུ་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་སྐྲུན་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། གནོད་སྐྱོན་རྗེས་ཀྱི་ནོར་གནག་དང་བོད་ལུག་ཐོན་ཡུལ་གྱི་ཁུངས་འདེད་མ་ལག་འཛུགས་སྐྲུན་གྱི་བྱ་བར་མྱུར་དུ་སྐུལ་འདེད་གཏོང་ཆེད། ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་རྫོང་སྲོག་ཆགས་རིམས་ནད་འགོག་སྡོམ་ལྟེ་བ་དང་རྨ་ཕྲ་ལི་གྲོང་བརྡལ་གྱི་ཕྱུགས་ལས་སྨན་བཅོས་ས་ཚུགས་ཀྱི་ཆེད་ལས་་མི་སྣ། རྨ་ཕྲ་ལི་གྲོང་བརྡལ་ཧི་ལ་སྡེ་བའི་སྐྱེ་ཁམས་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཅས་རྩ་འཛུགས་བྱས་ཏེ། ཐོན་ཡུལ་གློག་རྡུལ་རྣ་རྟགས་རྒྱག་པ་དང་ཆ་འཕྲིན་བསྡུ་ལེན་གྱི་བྱ་བ་སྤེལ།
ཉིན་སུམ་ཅུ་ནས་ཉིན་དགུ་བཅུ་ལོངས་བའི་ནོར་ལུག་ཚང་མར་གཅིག་གྱུར་སྒོས་རྣ་རྟགས་རྒྱག་དགོས་པ་དང་རྗེས་འདེད་ངོས་འཛིན་དང་ཆ་འཕྲིན་ནང་འཇུག་བྱེད་དགོས། དེའི་སྐབས་སུ་ལུ་གུ་དྲུག་བརྒྱ་སུམ་ཅུ་དང་བེའུ་གྱ་བརྒྱད་ལ་རྣ་རྟགས་བརྒྱབ་པར་མ་ཟད་ཆ་འཕྲིན་བསྡུ་ལེན་བྱས། གློག་རྡུལ་རྣ་རྟགས་འདི་ནི་ནུས་མང་གཞི་གཅིག་ལ་འདུས་པའི་རྣ་རྟགས་ཤིག་ཡིན་ལ། བསྡུ་ལེན་བྱས་པའི་ཆ་འཕྲིན་གྱིས་ནོར་ལུག་གི་སྐྱེ་འཕེལ་གྱི་གོ་རིམ་ཆ་ཚང་ལ་ཁྱབ་ཡོད་པ་རེད། དེའི་ཁྲོད་དུ་བདག་པོ་དང་རྩྭ་སའི་གནས་ཚུལ། སྲོག་ཆགས་ཀྱི་རིམས་འགོག རིམས་ནད་འགོག་བཅོས། སྐྱེ་ལྡན་སྐྱེ་འཕེལ། ནོར་ལུག་གི་སྲིད་ཇུས་རང་བཞིན་གྱི་འགན་སྲུང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་གཏོགས་པར་མ་ཟད། ཞིང་ཆེན་དང་ཁུལ་རིམ་པའི་གཞི་གྲངས་སྟེགས་བུ་དང་འབྲེལ་མཐུད་བྱས་ཡོད།
རྒྱུས་ལོན་པ་ལྟར་ན། རྨ་སྟོད་རྫོང་གིས་རིམ་བཞིན་རྫོང་གི་ཁོངས་ཡོངས་སུ་ནོར་ལུག་ལ་ཁུངས་འདེད་རྣ་རྟགས་རྒྱག་པའི་བྱ་བ་སྒྲུབ་པ་དང་། ཟླ་དགུ་བའི་ཟླ་མཇུག་ཏུ་རྫོང་ཡོངས་ཀྱི་ལུག་ཁྲི་གསུམ་དང་སྟོང་གསུམ་དྲུག་བརྒྱ་དང་ནོར་ཁྲི་གཅིག་དང་སྟོང་དྲུག་བདུན་བརྒྱའི་ཆ་འཕྲིན་བསྡུ་ལེན་དང་ཁུངས་འདེད་རྣ་རྟགས་རྒྱག་པའི་བྱ་བ་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་རྒྱུ་རེད།
མི་ཕམ་མགོན་པོས་བསྒྱུར།