མཚོ་ལྷོ་ཁུལ་གྱི་མི་རིགས་རོལ་དབྱངས་ཟློས་གར་ཆེན་མོ་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ནང་ཐོག་དང་པོར་འཁྲབ་སྟོན་བྱས།
2021.06.16 ཁུངས། ཀློག་གྲངས། 62

ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་མི་རིགས་རོལ་དབྱངས་ཟློས་གར་ཆེན་མོ་ལས་དབང་གི་མཇལ་འཛོམས་ཞེས་པ་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ནང་ཐོག་དང་པོར་འཁྲབ་སྟོན་བྱས། 

ལས་དབང་གི་མཇལ་འཛོམས་ཞེས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་རོལ་དབྱངས་ཟློས་གར་ཆེན་མོ་འདི་ནི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་སྔོན་ཐོན་བྱས་རྗེས་རྨང་གཞིར་བྱས་ཏེ་བརྩམས་པའི་རོལ་དབྱངས་ཟློས་གར་ཆེན་མོ་ཞིག་ཡིན་ལ། རོལ་དབྱངས་ཟློས་གར་འདིའི་ནང་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་རེ་རེ་ཐུན་མིན་གྱི་ཐབས་རྩལ་ལ་བརྟེན་ནས་དེང་རབས་གར་སྟེགས་ཀྱི་རོལ་དབྱངས་སྒྱུ་རྩལ་ཁྲོད་འདྲེས་པར་བྱས་ཏེ། ལོ་ངོ་བཅུའི་ཁ་གཏོད་རོགས་སྐྱོར་གྱི་བྱ་བའི་ཁྲོད་དུ་མཚོ་ལྷོར་ཁ་གཏད་རོགས་སྐྱོར་བྱེད་པའི་ཅང་སུའུ་ཞིང་ཆེན་གྱི་ལས་རིགས་སོ་སོའི་ཤེས་ལྡན་ལས་བྱེད་མི་སྣའི་སེམས་འདུན་ལོ་རྒྱུས་ཟིན་ཐོར་བཀོད་ཡོད་པས། མཚོ་ལྷོ་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་།འཆམ་མཐུན་བཅས་མངོན་མཚོན་བྱེད་པ་དང་། བོད་མི་རིགས་ཀྱི་རིག་གནས་གོ་དོན་གཏིང་ཟབ་སྒོས་ཕྱིར་མངོན་པ། མི་རིགས་མཐུན་སྒྲིལ་སྔོན་སྐྱོད་བརྗོད་དོན་མཚོན་ཡོད་པར་མ་ཟད། མཚོ་ལྷོར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་གསུམ་མཚོ་སྔོན་མཐོ་སྒང་ལ་ཡོང་རྗེས་བྱ་བའི་གནོན་ཤུགས་དང་འཚོ་བའི་ཁོར་ཡུག་མི་འཕྲོད་པ་སོགས་དཀའ་ཁག་སྣ་ཚོགས་ལ་ཁ་གཏད་འཇལ་ནས། མཐར་རིག་གནས་ཕན་ཚུན་མཉམ་འདྲེས་དང་མི་རིགས་ཕན་ཚུན་གཉེན་ཉེ་རུ་གྱུར་ནས་རིགས་སོ་སོའི་མི་དམངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱི་བྱུང་རིམ་རེ་རེ་སྒྱུ་རྩལ་གྱི་ཐབས་འཕྲུལ་ལ་བརྟེན་ནས་ཞིབ་འབྲི་བྱས་ཡོད།

 ཉིས་སྟོང་བཅུ་ལོའི་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་སྟེང་ཁ་གཏད་རོགས་སྐྱོར་གྱི་འཐབ་ཇུས་ཆེན་མོ་བཀོད་སྒྲིག་བྱས་རྗེས། ཅང་སུའུ་ཞིང་ཆེན་དང་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སྐོར་ཞིག ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབོད་སྐུལ་དང་དུ་བླངས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་དངོས་སུ་ཁ་གཏད་རོགས་བྱེད་འགོ་བརྩམས་པ་དང་། ལོ་ངོ་བཅུའི་རིང་ལ་ཁ་གཏད་རོགས་སྐྱོར་མཁན་དང་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་འབུམ་བཞི་དང་ཁྲི་བརྒྱད་ལྷག་གིས་གཅིག་སེམས་གཅིག་སྦྲེལ་དང་ལག་རྡང་མཉམ་འབྲེལ། བརྩེ་སེམས་མཉམ་འདྲེས། དཀའ་སྡུག་མཉམ་མྱོང་བཅས་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི་མཛའ་མཐུན་སྦྲེལ་ཟམ་འདི་བརྒྱུད་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཡིན་པའི་གསོན་ཉམས་ལྡན་པའི་ལག་ལེན་མཚོན་པར་བྱས་ཡོད་པར་མ་ཟད། ཏང་ཀྲུང་དབྱང་གིས་བོད་འབྲེལ་ས་ཁུལ་ལ་བཅངས་པའི་ཐུགས་ཁུར་དང་ཅང་སུའུ་ཞིང་ཆེན་གྱི་བརྩེ་སེམས་ཆེན་པོ་མངོན་པར་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་གྱི་ལེགས་སྐྱེས་ཕུལ་ཡོད།

གསར་འགོད་པ། དཔའ་བརྟན་རྒྱལ། སྐལ་བཟང་རྣམ་རྒྱལ།