གསར་འགོད་པས་མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཆེད། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་། རང་ཞིང་གིས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གུང་ཧོ་ཁུལ་ཁོངས་ནང་གི་ཁྲིམས་འགལ་གནས་སྐོར་ཚོང་གཉེར་བྱ་འགུལ་ལ་དག་ཐེར་བཅོས་སྐྱོང་བྱས།
ཟླ་དྲུག་པའི་ཚུན་དུ། དབྱར་གནང་སྐབས་ཀྱི་གནས་སྐོར་དཔལ་འབྱོར་ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས་ཉིན་རེ་བཞིན་ཇེ་བཟང་དུ་སོང་ལ། རང་ཞིང་གི་ལྗོངས་རྒྱུ་ཁུལ་མང་པོས་གནས་སྐོར་བ་སྣེ་ལེན་བྱེད་པའི་ཚད་རྒྱུན་མཐུད་ངང་ཇེ་མང་དུ་སོང་བ་དང་། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་གནས་སྐོར་བ་དང་པར་ལེན་པར་དགའ་བའི་འགྲུལ་བ་ཡང་ཇེ་མང་དུ་སོང་།
མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཆེད། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཡང་བསྐྱར་བརྡ་ཁྱབ་སྤེལ་ནས། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གུང་ཧོ་ཁུལ་ཁོངས་ནང་དུ་ཆོག་མཆན་མ་བཀོད་པའི་གནས་སྐོར་ཚོང་གཉེར་བྱ་འགུལ་སྤེལ་བར་བཀག་འགོག་བྱས་པ་མ་ཟད། ཁྲིམས་སྲོལ་ལྟར་ཁྲིམས་འགལ་གནས་སྐོར་ལྗོངས་རྒྱུ་ས་ཆ་དང་མཚོ་ཁར་བསྐྱོད་པའི་གནས་སྐོར་བགྲོད་ལམ་མེད་པར་བྱས། གནས་སྐོར་ཁང་སོགས་སྡེ་ཁག་དང་གནས་སྐོར་རླངས་འཁོར་སྲུང་སྐྱོབ་ཁུལ་དུ་བསྐྱོད་དེ་གནས་སྐོར་འགྲེམ་སྟོན་སོགས་བྱ་འགུལ་སྤེལ་བར་བཀག་འགོག་བྱས་པ་དང་། སྲུང་སྐྱོབ་ཁུལ་ནང་དུ་སྤྲོ་གསེང་དང་གཉེན་སྒྲིག་པར་ལེན་སོགས་སྲུང་སྐྱོབ་ཁུལ་ནང་གི་གཏན་ཁེལ་དང་མི་མཐུན་པའི་རིགས་མི་འདྲ་བའི་བྱ་འགུལ་སྣ་ཚོགས་སྤེལ་བར་བཀག་འགོག་བྱས།
མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་པོའི་བཞུར་རྒྱུད་དུ་སྔ་གཞུག་ཏུ་བྱང་གསུམ་འགོག་སྲུང་ནགས་ཚལ་དང་རྨོ་བསྐྱུར་ནགས་བསྐྲུན། རྩྭ་བསྐྱུར་རྩྭ་གསོ། རང་བྱུང་ནགས་ཚལ་སྲུང་སྐྱོབ་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པས། སྐྱེ་ཁམས་སྲུང་སྐྱོབ་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། མཚོ་སྐོར་གནས་སྐོར་དང་རྐང་ཐང་གནས་སྐོར་སོགས་སྐྱེ་ཁམས་གནས་སྐོར་གྱི་ལས་རྣམ་དག་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་། ཟླ་ལྔ་བའི་ཟླ་མཇུག་བར་དུ། མཚོ་སྔོན་པོའི་གནས་སྐོར་མི་གྲངས་འབུམ་ལྔ་དང་ཁྲི་བཞི་ལས་བརྒལ།
འགྲུལ་བས་དོ་སྣང་བྱེད་པའི་མཚོ་སྔོན་པོའི་ཁེ་རམས་ཐང་ལྗོངས་རྒྱུ་ཁུལ་ནམ་ཞིག་ལ་སྒོ་འབྱེད་པའི་དྲི་བར་དམིགས་ནས། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས། མཚོ་སྔོན་པོ་ཁེ་རམས་ཐང་ལྗོངས་རྒྱུ་ཁུལ་དུ་བསྐྱོད་པའི་གཞུང་ལམ་བཀག་སྡོམ་བྱས་ནས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་པ་དང་། ལྗོངས་རྒྱུ་ཁུལ་གྱི་རྨང་གཞི་སྒྲིག་ཆས་སྐོར་ཞིག་ལ་ཆུ་བྲུག་ནས་གཏོར་བརླག་ཐེབས་པའི་དབང་གིས་གནས་སྐབས་སུ་སྒོ་འབྱེད་མི་ཐུབ་ཟེར།
རིན་ཆེན་མཚོས་བསྒྱུར།