ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་འབྱུང་ཡུལ་སྟེ། ཆུ་དམར་ལེབ་དོ་དམ་ཁྲུའུ་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ཡིས་གནས་ཚུལ་སྤེལ་བ་ལྟར་ན། ས་གནས་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་མཁན་གྱིས་འབྲི་ཆུའི་འབྱུང་ཡུལ་དུ་སྐོར་ཞིབ་བྱེད་སྐབས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཏེ། འབྲོང་ཁྱུ་ཞིག་ལྷོད་ཀྱིས་གཤར་བཞིན་པའི་སྣང་བརྙན་མཐོང་བ་རེད།
ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཆུ་དམར་ལེབ་རྫོང་ཆུ་དམར་ཡུལ་ཚོའི་ངམ་ར་སྡེ་བའི་རུ་ཆུང་ལྔ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མཁན་ལྔ་ཡིས་འཕྲུལ་རྟ་སྐོར་ནས་སྦྲ་གུར་དང་ཟས་གོས། ལྟ་ཞིབ་སྒྲིག་ཆས་སོགས་ཁྱེར་ནས་མཚོ་འཕགས་བཞི་སྟོང་བདུན་བརྒྱ་ལྷག་གི་སྐོར་ཞིབ་ས་ཁུལ་ཏུ་ཕྱིན།
ས་གནས་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་མཁན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། འདི་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་ཁྲོད་ཀྱི་འབྲོང་གི་བསྟི་གནས་ཆེས་ཆེ་གྲས་ཤིག་ཡིན། ལོ་རེའི་དབྱར་ཁའི་དུས་སུ། འདི་རུ་འབྲོང་ཁྱུ་མཐོང་བར་བཤད། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མཁན་ཐབས་ཤེས་དབང་གྲགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཁོ་ཚོས་སྐོར་ཞིབ་བྱེད་དུས་ཁ་གྲངས་ཉིས་བརྒྱ་ལྷག་ལ་འབུད་པའི་འབྲོང་ཁྱུ་ཞིག་གིས་རི་ལམ་འཕྲེད་ཀྱིས་གཅོད་པའི་བརྗིད་ཉམས་ཀྱི་སྣང་བརྙན་མཐོང་བྱུང་ཟེར།
མི་ཕམ་མགོན་པོས་བསྒྱུར།