རང་ཞིང་གི་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།
2021.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱས་ནས་གནོད་པ་ཐེབས་པར་བཀག་འགོག་བྱེད་པ་དང་བུ་མོ་དག་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་བདེ་དང་དམངས་སྲིད། ཁྲིམས་འཛིན་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། མཉམ་དུ་ཁེ་དབང་སྲུང་སྐྱོབ་ཀྱི་བྱ་བའི་རྐྱེན་སྲོལ་ལྔ་ལག་བསྟར་བྱས།

བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་ཀྱི་མཉམ་འགོག་མཉམ་འབྲེལ་རྐྱེན་སྲོལ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་པ་དང་། སྤྱི་བདེ་དང་ཞིབ་དཔྱོད་སྡེ་ཁག་དང་མཐུན་སྦྱོར་དང་འབྲེལ་འདྲིས། གཞོགས་འདེགས་བྱས་ནས་བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་སྐྱེལ་བའི་ནག་ཉེས་ལ་ཆད་གཅོད་དང་རྡུང་རྡེག་བྱེད་ཤུགས་ཆེ་རུ་བཏང་སྟེ། མཉམ་དུ་ནར་མ་སོན་པའི་མིར་གནོད་བྱེད་པ་སྔོན་འགོག་བྱེད་པ་དང་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་བྱ་བ་ལྔ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། རིམ་པ་སོ་སོའི་ཞིབ་དཔྱོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་བརྙས་བཅོས་དང་གནོད་པ་ཐེབས་པའི་ནར་མ་སོན་པའི་མིའི་ཁྲིམས་འཛིན་སྲུང་སྐྱོབ་དང་རོགས་སྐྱོར་ལ་ཤུགས་བསྣན། ཁྲིམས་ཁང་གི་ཞུ་གཏུག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་འདུམ་སྒྲིག་དང་ཕན་ཡོན་སྦྲེལ་མཐུད་བྱས་པའི་བྱ་བའི་རྐྱེན་སྲོལ་བཙུགས།

མི་ཚོགས་གཙོ་བོ་དང་ཁྱིམ་ཚང་གཙོ་བོའི་གཟིགས་སྐྱོང་ཞབས་ཞུ་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་བ་དང་། ཁོངས་གཏོག་ས་ཁུལ་གྱི་བུད་མེད་དང་བྱིས་པའི་གཞི་རྩའི་ཆ་འཕྲིན་གྱི་མཐིལ་རྟོགས་ཞིབ་བཤེར་བཟང་བོ་བསྒྲུབས། ལོ་གཅིག་རིང་། ཞིང་ཆེན་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་སྡེ་བ་དང་སྡེ་ཁུལ་སྟོང་བཞི་བརྒྱ་དང་ང་གཅིག་ཏུ་འབྲེལ་ཡོད་རྩིས་ཐོ་བཙུགས་པ་དང་། མི་ཚོགས་གཙོ་བོ་དང་ཁྱིམ་ཚང་ཁྲི་གཅིག་དང་སྟོང་ལྔ་དྲུག་བརྒྱ་བཅུ་བདུན་ལ་རྟོག་སེལ་ཐོ་འགོད་བྱས་ལ། ས་བབ་དང་བསྟུན་པ་དང་མིའི་གནས་ཚུལ་ལ་དམིགས་ནས་གཟིགས་སྐྱོང་ཞབས་ཞུ་སྤེལ།

བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་པ་བྱས་པའི་གྱོད་གཞིའི་ཡར་ཞུ་རྐྱེན་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། མང་ཚོགས་ཀྱི་བྱ་བ་མང་ཚོགས་ཀྱིས་བསྒྲུབ་པ་ཁྲིད་ཕྱོགས་སུ་བྱས་ལ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཞབས་ཞུ་ས་ཚིགས་སྐོར་ཞིག་བཙུགས་པ་དང་། དེ་དང་མཉམ་དུ། ཁག་བགོས་ཏེ་གཞི་རིམ་དུ་སོང་ནས་ཁེ་དབང་སྲུང་སྐྱོབ་ཞབས་ཞུ་ཆེད་དོན་རྟོག་ཞིབ་སྤེལ་བ་དང་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་ཞབས་ཞུ་ས་ཚིགས་ཀྱི་རྟོག་ཞིབ་སྙན་ཞུ་གྲུབ་པར་བྱས་ལ། ཁེ་དབང་སྲུང་སྐྱོབ་ཀྱིས་བུ་མོའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཕྱོགས་ནས་ནུས་པ་འདོན་སྤེལ་བྱེད་པར་མཛུབ་སྟོན་བྱས།

གོང་འོག་མཉམ་འབྲེལ་གྱི་བུད་མེད་དང་བྱིས་པའི་གླེང་ཕྱོགས་ཁ་གཏད་རྐྱེན་སྲོལ་བཙུགས་པ་དང་། ནར་མ་སོན་པའི་མི་ལ་གནོད་པ་བཟོ་བར་སྔོན་འགོག་བྱེད་པ་དང་བུ་མོའི་རང་སྟེང་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། དུས་བཀག་ལྟར་བུད་མེད་དང་བྱིས་པའི་གནས་ཚུལ་ལ་ཞིབ་འཇུག་བྱས་པ་དང་། གནས་ཚུལ་ལ་ཁ་གཏད་པའི་ཇུས་གཞི་གཏན་འབེབས་བྱས་ཏེ། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་རྩོད་བློ་འདྲི་བའི་ཚོགས་པ་དང་ཆེད་མཁས་པའི་མཛོད་བཙུགས།

དུས་བཀག་ལྟར་གྲོས་མོལ་བྱེད་པའི་རྐྱེན་སྲོལ་བཙུགས་པ་དང་། མཉམ་དུ་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱ་བ་འཕེལ་རྒྱས་སུ་བཏང་ལ། འབྲེལ་འདྲིས་པའི་ལམ་ལུགས་བཙུགས་པ་དང་། མཉམ་འབྲེལ་སྒོས་བུད་མེད་དང་བྱིས་པའི་འོས་འཚམ་ཁེ་དབང་ལ་འགན་སྲུང་བྱས་ལ། དུས་ཐོག་ཏུ་ཉིན་རྒྱུན་གྱི་བྱ་བའི་ཁྲོད་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་ཐག་བཅད་དེ། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་བྱ་བར་དོ་སྣང་བྱེད་པར་སྐུལ་འདེད་བཏང་།

                                                                                                                རིན་ཆེན་མཚོས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།