ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་ཡོངས་ཀྱི་དམའ་འབྲིང་མཐར་ཕྱིན་དང་སློབ་འཕར་རྒྱུགས་ལེན་དངོས་སུ་མགོ་བརྩམས། ཞིང་ཆེན་ཡོངས་སུ་ལོ་རིམ་དགུ་བའི་སློབ་མ་ཁྲི་བདུན་དང་སྟོང་གསུམ་བརྒྱད་བརྒྱ་ང་བཞི་དམའ་འབྲིང་མཐར་ཕྱིན་དང་སློབ་འཕར་རྒྱུགས་ལེན་ལ་ཞུགས་པ་དང་། ལོ་རིམ་བརྒྱད་པའི་སློབ་མ་ཁྲི་བདུན་དང་སྟོང་བཞི་བཞི་བརྒྱ་རེ་དྲུག་སྦྱོང་ཚན་ཆུ་ཚད་རྒྱུགས་ལེན་ཞུགས་ཏེ། སྡོམ་པས་སློབ་མ་འབུམ་གཅིག་དང་ཁྲི་བཞི་སྟོང་བརྒྱད་སུམ་བརྒྱ་ཉི་ཤུ་རྒྱུགས་ལེན་ཁྲོད་ཞུགས་པ་རེད། ཞིང་ཆེན་ཡོངས་སུ་རྒྱུགས་ལེན་ས་ཚུགས་བརྒྱ་དང་གཉིས་དང་རྒྱུགས་ར་སྟོང་གསུམ་དང་བཅུ་གཉིས་ཡོད་པ་རེད། མིག་སྔར་ས་གནས་ཁག་གི་རྒྱུགས་ལེན་རྩ་འཛུགས་བྱ་བ་གཏན་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམའ་འབྲིང་མཐར་ཕྱིན་དང་སློབ་འཕར་རྒྱུགས་ལེན་བྱ་བར་མཐོང་ཆེན་བླ་མེད་གནང་བ་དང་། རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་དང་རྨ་སྟོད་རྫོང་ཡོམ་ཁུལ་གྱི་འབྲིང་རྒྱུགས་ཀྱི་བྱ་བ་ཁག་བདེ་བླག་ངང་སྤེལ་བར་འགན་ལེན་བྱས་ལ། ཞིང་ཆེན་སློབ་གསོ་ཐིན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་དམའ་འབྲིང་མཐར་ཕྱིན་དང་སློབ་འཕར་རྒྱུགས་ལེན་དང་འབྲེལ་བའི་བརྡ་སྦྱོར་དཔར་ནས་བཀྲམས་ཏེ། རྒྱུགས་ལེན་བཀོད་སྒྲིག་དང་རྒྱུགས་རྟོག་བྱ་བ། རྒྱུགས་ལེན་དོ་དམ། རིམས་ནད་འགོག་སྡོམ། རྒྱུགས་ཤོག་ལེན་པ་སོགས་ཀྱི་བྱ་བའི་ཐད་བླང་བྱ་དང་བཀོད་སྒྲིག་གསལ་བོ་བྱས།
རྒྱུགས་ལེན་མགོ་བརྩམས་པའི་ཉིན་དེར། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་མཚོ་ཤར་གྲོང་ཁྱེར་འཛུབ་སྟོན་ལྟེ་གནས་སུ་བརྙན་རིས་བརྒྱུད་དེ་རིམས་ནད་འགོག་སྡོམ་དང་བདེ་འཇགས་བྱེད་ཐབས། ཞབས་ཞུའི་འགན་སྲུང་སོགས་ཀྱི་མཚོ་ཤར་གྲོང་ཁྱེར་གྱི་ས་གནས་ཁག་གི་རྒྱུགས་ལེན་གནས་ཚུལ་བྱ་བར་ལྟ་རྟོག་བྱས། རྒྱུགས་ལེན་མགོ་བརྩམས་རྗེས་སུ། དབྱང་ཀྲི་ཝུན་མཚོ་ཤར་གྲོང་ཁྱེར་གྱི་སློབ་འབྲིང་གསུམ་པའི་ནང་སོང་ནས་ཡུལ་དངོས་ནས་རྒྱུགས་ལེན་བྱ་བར་རྟོག་ཞིབ་བྱས།
མི་ཕམ་མགོན་པོས་བསྒྱུར།