ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བརྩོན་ལེན་བྱས་པ་བརྒྱུད། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་ཉིས་སྟོང་ཉེར་གཅིག་ལོའི་ཁུལ་ཁོངས་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཐད་ལ་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་ལྔ་བྱིན།
རྒྱུས་ལོན་བྱུང་བ་ལྟར་ན། ཁུལ་ཁོངས་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཆེད་དོན་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་བཏང་བ་དེས་རང་ཞིང་གི་ཁུལ་ཁོངས་གཙོ་བོའི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས་བཅས་ཀྱི་སྲུང་སྐྱོབ་དང་སླར་གསོ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཐུབ་པ་དང་། རང་བྱུང་ནགས་ཚུལ་སྲུང་སྐྱོབ་བྱེད་པ་དང་རྩྭ་ཐང་སྲུང་སྐྱོབ་དང་སླར་གསོ། བརླན་ས་སྲུང་སྐྱོབ་དང་སླར་གསོ་སོགས་འབྲེལ་ཡོད་འཛུགས་སྐྲུན་ལས་འགན་ལ་གཅིག་གྱུར་རྒྱབ་སྐྱོར་བྱེད་པ། དེ་མིན། གཙོ་བོ་མི་བཟོས་ནགས་སྐྲུན་དང་རི་བཀག་ནགས་གསོ། ཞན་འགྱུར་ནགས་ཚལ་སླར་གསོ། མིས་རྩྭ་འདེབས་པ། ས་ནག་ཐང་བཅོས་སྐྱོང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སླར་གསོ་དང་སྲུང་སྐྱོབ། རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བརླན་ས་སྲུང་སྐྱོབ་དང་སླར་གསོ་སོགས་ལས་གཞི་ལས་བསྟར་བྱེད་རྒྱུ་རེད།
ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་ཀྲུང་ཧྭ་ཆུ་གཏེར་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་སྲུང་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་བ། དེང་རབས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་སོགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱུང་། གཙོ་གནད་ཁུལ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་བ་ལག་བསྟར་བྱས་པ་བརྒྱུད་དེ། རང་ཞིང་གི་བརླན་སའི་ཐོན་ཁུངས་ཀྱི་རྒྱ་ཁྱོན་ཇེ་ཆེར་སོང་བ་དང་། སྐྱེ་དངོས་ཀྱི་རིགས་སྣ་མངོན་གསལ་ཇེ་མང་དུ་སོང་ལ། སྐྱེ་ཁམས་མ་ལག་གི་བྱེད་ནུས་སྲུང་འཛིན་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་ཐོག་མར་གྲུབ་པར་བྱས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད།
མིག་སྔར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་བགོ་བཤའ་བྱེད་བཞིན་ཡོད་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་ཐོག་མའི་ཇུས་འགོད་ཀྱི་མཆན་འགོད་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། འཛུགས་སྐྲུན་སྡེ་ཁག་སོ་སོས་ཨར་ལས་བཟོ་སྐྲུན་གྱི་དུས་སྐབས་གལ་ཆེན་དམ་འཛིན་བྱས་ནས་བཟོ་སྐྲུན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ་དང་། རིགས་སོ་སོའི་ལས་འགན་དུས་ལྟར་ཡོངས་འགྲུབ་བྱས་ཏེ་དངུལ་གཏོང་ཕན་ནུས་འདོན་སྤེལ་བྱས་ཏེ་རང་ཞིང་གི་ཁུལ་ཁོངས་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཐད་ལ་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།