༢༠༢༡ལོའི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་ལོ་ཚོགས་དང་སྒྲུང་བཤད་ཚོགས་འདུ་མཚོ་སྔོན་པོའི་འགྲམ་དུ་འཚོགས་པ།
2021.06.28 ཁུངས། མཚོ་སྔོན་གེ་སར་སྒྲུང་སློབ་ཚོགས། ཀློག་གྲངས། 41

༦ཚེས༢༦ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་༡༠༠འཁོར་རྟེན་འབྲེལ་ཞུ་བ་དང་། དམངས་ཁྲོད་གེ་སར་སྒྲུང་པ་སྲུང་སྐྱོང་དང་འབྲེལ་ཡོད་ཀྱི་རྗེས་ཤུལ་དང་ཤུལ་རྫས་སྔོག་འདོན་དང་། མྱུར་སྐྱོབ། སྲུང་སྐྱོང་བཅས་ཀྱི་ལས་དོན་ཡག་པོར་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་དང་མཚོ་སྔོན་ཞིང་ཆེན་བྱེ་མ་ལ་བདུན་གེ་སར་རིག་གནས་རིག་གནས་འཕེལ་རྒྱས་ལྟེ་གནས་གཉིས་ཀྱིས་མཉམ་དུ་སྒྲུབ་པའི“༢༠༢༡ལོའི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་ལོ་ཚོགས་དང་སྒྲུང་བཤད་ཚོགས་འདུ”མཚོ་སྔོན་པོ་བྱེ་མ་ལ་བདུན་དུ་འཚོགས།

ཆེད་ལས་མཁས་པ་དང་ཤེས་ཡོན་པ། ཡུས་ཧྲུའུ་དང་། མགོ་ལོག མཚོ་བྱང་། མཚོ་ནུབ། མཚོ་ལྷོ་སོགས་ནས་ཐོན་པའི་དམངས་ཁྲོད་ཀྱི་སྒྲུང་པ་སོགས་མི༤༠ལྷག་ཚོགས་འདུར་ཞུགས། 

མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱིས་རྒྱ་ཆེའི་གེ་སར་རིག་གནས་ཀྱི་ཆེད་ལས་མཁས་པ་དང་། ཤེས་ཡོན་པ། གེ་སར་སྒྲུང་པ་སོགས་ལ་རིག་གཞུང་སྤེལ་རེས་ཀྱི་སྟེགས་བུ་ལེགས་པོ་བསྐྲུན་ཞིང་། ཉེ་བའི་ལོ་འགའི་རིང་ལ་རྣམ་པ་མི་འདྲ་བ་དང་རིམ་པ་མི་འདྲ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་སྒྲུང་བཤད་ཚོགས་འདུ་སོགས་བྱ་འགུལ་མང་པོ་སྤེལ་བས་རིག་གཞུང་ལས་རིགས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་ཡོད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་གྲུབ་ཀྱིས་ལས་དོན་ཕྱོགས་སྡོམ་བྱས་དོན། ཉེ་བའི་ལོ་འགའི་རིང་ལ་སློབ་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག་སློབ་ཚོགས་ཀྱི་སྒྲིག་ཡིག་ནང་འཁོད་པའི་འགན་འཁྲི་གཞིར་བཟུང་སྟེ།  ཚོགས་པའི་ལས་དོན་ཐམས་ཅད་ཏང་གི་རིག་རྩལ་བྱེད་ཐབས་སྲིད་ཇུས་མཐའ་འཁྱོངས་དང་། གེ་སར་ཞིབ་འཇུག་གི་ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ངང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གེ་སར་སྒྲུང་གི་རྒྱུན་འཛིན་དང་། སྲུང་སྐྱོང་། ཞིབ་འཇུག སློབ་ཁྲིད་སོགས་ཐད་ནས་གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད།

ཚོགས་ཞུགས་ཀྱི་ཆེད་ལས་མཁས་པ་དང་ཤེས་ཡོན་པས་བཤད་རྒྱུར། དམངས་ཁྲོད་ནས་གེ་སར་སྒྲུང་བཤད་ཚོགས་འདུ་སོགས་ཀྱི་བྱ་འགུལ་སྤེལ་བ་དེས་གེ་སར་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང། རང་རྒྱལ་གྱི་རིག་གནས་སྣ་མང་རང་བཞིན་འཕེལ་རྒྱས་འགྲོ་རྒྱུའི་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་གེ་སར་སྒྲུང་སྔོག་འདོན་དང་། མྱུར་སྐྱོབ། སྲུང་སྐྱོང་། ལེགས་སྒྲིག ཡིག་སྒྱུར། ཞིབ་འཇུག དཔེ་སྐྲུན་སོགས་ཀྱི་ལས་དོན་སྤེལ་སྔ་ཤོས་ཀྱི་ས་ཁུལ་ཞིག་ཡིན་ཞིང་། གེ་སར་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་རྒྱུའི་ཐད་ནས་གྲུབ་འབྲས་ཀྱང་བླངས་ཡོད་པ་རེད།

ཚོགས་འདུའི་སྐབས་སུ། ཚོགས་ཞུགས་པ་ཚོས་མཚོ་སྔོན་པོ་ཤར་ཕྱོགས་ཀྱི་བྱེ་མ་ལ་བདུན་གེ་སར་རིག་གནས་འགྲེམ་སྟོན་ཁང་དང་འབྲེལ་ཡོད་ཤུལ་རྟེན་སོགས་ལ་རྟོག་ཞིབ་བྱས་པ་རེད། རྒྱུས་ལོན་པ་ལྟར་ན། ཡུལ་དེར་གེ་སར་སྒྲུང་གི་ཤུལ་རྫས་འགྲེམ་སྟོན་ཁང་དང་གེ་སར་རྒྱལ་པོའི་འབུར་སྐུ་སོགས་བསྐྲུན་ཡོད། ༢༠༡༡ལོར་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་དང་མཉམ་དུ་མཚོ་སྐོར་ས་ཁུལ་གྱི་གེ་སར་སྒྲུང་བཤད་ཚོགས་འདུ་བསྡུས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་བ་དང་། གསར་བྱུང་གི་གེ་སར་སྒྲུང་པར་ཧུར་ཐག་གིས་གེ་སར་སྒྲུང་བཤད་པར་སྐུལ་ལྕག་བྱས་པ་རེད། ཡུལ་དེའི་གེ་སར་རིག་གནས་ཀྱི་སྲུང་སྐྱོབ་པ་དག་གིས་ཡུལ་སྐོར་དང་གཟུགས་འདས་རིག་གནས་ཤུལ་བཞག་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ། “སྲུང་སྐྱོང་གཙོ་བོ། མྱུར་སྐྱོབ་དང་པོ། བེད་སྤྱོད་ལུགས་མཐུན། རྒྱུན་འཛིན་འཕེལ་རྒྱས”བཅས་ཀྱི་རྩ་བའི་བྱེད་ཕྱོགས་ལ་བརྟེན་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ། མི་རིགས་རིག་གནས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་བཏང་ཞིང་ཡུལ་སྐོར་བར་གེ་སར་འགྲེམ་སྟོན་ཁང་དང་གེ་སར་རྒྱལ་པོའི་འབུར་སྐུ་སོགས་བསྟན་ནས་གེ་སར་སྒྲུང་རབས་ཆེན་མོ་ངོ་སྤྲོད་བྱས་ལ། ཧུར་ཐག་སྒོས“རིག་གནས་ཕུན་སུམ་ཚོགས་པ། རྣམ་པ་ཟབ་མོ་ཡིན་པ། ཁྱད་ཆོས་མངོན་གསལ་དོད་པ། མང་ཚོགས་ལ་ཕན་པ་ཐོབ་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་བཞིན་མཆིས།

ཚོགས་ཞུགས་པ་ཚོས་མཚོ་སྔོན་པོའི་ས་ཁུལ་དུ་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པར་ངོས་འཛིན་བྱས་ལ། དེ་སྔོག་འདོན་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་བྱས་ན་ས་ཁུལ་དེའི་སྤྱི་ཚོགས་ཆ་མཐུན་དང་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་བཤད།

ཉིན་དེའི་ཕྱི་དྲོར། གེ་སར་སྒྲུང་བ་གྲགས་ཅན་འགས་སྒྲུང་བཤད་དེ་ཚོགས་ཞུགས་མི་སྣའི་ཡིད་དབང་ཅིག་གྱུར་དུ་འཕྲོག་ཅིང་དགའ་བསུ་ཆེན་པོ་ཐོབ་པ་རེད། 

འཕྲིན་གཏོང་བ། ཆབ་འགག་ཇོ་རུ།