ཁག་བརྒྱའི་གླུ་ཤགས་ལེ་ཚན། ལོ་བརྒྱའི་ཏང་གི་ལེགས་སྐྱེས།
2021.06.29 ཁུངས། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། ཀློག་གྲངས། 225

སེམས་ཁོང་གི་སྐད་ཆ་དེ་ཏང་ལ་ཕུལ་ནས་བདེ་སྐྱིད་ཀྱི་འཚོ་བ་དེ་ཏང་ལ་སྟོན།ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར༡༠༠ལོན་པའི་བཀྲ་ཤིས་དུས་བཟང་གི་ལོ་ཡིན་ལ།མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་སྐད་བརྙན་འཕྲིན་གྱི་གླུ་ཤགས་ལེ་ཚན་འདི་བསྒྲུབས་ནས་ཁག༡༠༠ལ་ལྟས་དབང་གིས་འཕྲད་པའི་རྟེན་འབྲེལ་ཟུང་འགྲིག་གི་དུས་བཟང་ཞིག་ཀྱང་ཡིན་པས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཀྲུང་གོ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས།མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྲུང་དབྱང་དང་ཞིང་ཆེན།ཁུལ་རིམ་པ་བཅས་ཀྱི་བོད་འབྲེལ་ས་ཁུལ་གྱི་ལས་ཁུངས་དང་རིག་པ་སྨྲ་བ་དག་གིས་ཕུལ་ཏུ་བྱུང་བའི་གླུ་ཤགས་ཀྱི་ལེ་ཚན་འདི་ཁག༡༠༠སོན་ནས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུས་པ་ལ་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ།

གླུ་ཤགས་ལེ་ཚན་འདིའི་གསར་འཛུགས་པའམ་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་གོང་བ་ནོར་བུ་ཡོན་ཏན་གྱིས་གསར་འགོད་པར་བཤད་རྒྱུར།གླུ་ཤགས་ནི་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་དམངས་གླུའི་ནང་ཚན་གལ་ཆེན་ཞིག་སྟེ།ཀྲུང་ཧྭའི་ཕུལ་ཏུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།༢༠༡༣ལོ་ནས་བཟུང་།མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དམངས་ཁྲོད་ཀྱི་རིག་གནས་འདི་ལ་སྲུང་སྐྱོབ་དང་རྒྱུད་འཛིན།དར་སྤེལ་བཅས་ཀྱི་བྱ་གཞག་འདི་དང་དུ་བླངས་ནས་ལེ་ཚན་གྱི་སྤུས་ཀ་ཇེ་མཐོར་གཏོང་བ་དང་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཇེ་བཟང་དུ་གཏོང་ཕྱིར།གླུ་ཤགས་ཞེས་པའི་ལེ་ཚན་འདི་ཆེད་དུ་བསྒྲུབས་ཤིང་དེའི་ཐད་ཀྱི་སྟོང་ཆ་དེ་བསྐངས་པ་ཡིན་ཟེར། 

འདས་ཟིན་པའི་ལོ་ངོ་བརྒྱད་ཀྱི་འཕེལ་རྒྱས་ཁྲོད་གླུ་ཤགས་ལེ་ཚན་འདིས་ཞིང་ཆེན་ཕྱི་ནང་ཀུན་དང་བོད་འབྲེལ་ས་ཁུལ་གཞན་དག་ཏུ་གླུ་ཤགས་ལ་དགའ་མོས་ཡོད་པའི་གླུ་བ་གླུ་མ་འབོར་ཆེན་ཞིག་སྐྱེད་སྲིང་བྱས་ཤིང་ཅུང་གཏན་འཇགས་ཡིན་པའི་བལྟ་མཁན་གྱི་དཔུང་སྡེ་ཞིག་བསྐྲུན་ཡོད་དེ།ཞིང་ཆེན་ཕྱི་ནང་གི་གླུ་བ་གླུ་མ་རྣམས་སྐོང་འགུགས་ཀྱིས༢༠༡༧ལོ་དང༢༠༡༩ལོ།༢༠༢༠ལོ་བཅས་ལ་སྟུད་མར་ཞིང་ཆེན་ཡོངས་ཀྱི་བརྙན་འཕྲིན་སྟེགས་བུའི་གླུ་ཤགས་འགྲན་སྡུར་ཆེན་མོ་སྐབས་གསུམ་བསྡུས་ཤིང་།༢༠༢༠ལོར་རྒྱལ་ཡོངས་ཀྱི་ཞིང་ལྗོངས་ལྔའི་བོད་ཀྱི་གླུ་ཤགས་གཟིགས་འབུལ་སྐབས་དང་པོ་བཅས་སྤེལ་བ་མ་ཟད།ཕུལ་ཏུ་བྱུང་བའི་གླུ་ཤགས་ཀྱི་གླུ་ཚིག་དག་ཕྱོགས་བསྒྲིགས་སྒོས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཞིང་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བརྙན་གཟུགས་དཔེ་ཚོགས་《མཚོ་ལྷོའི་བརྙན་གཟུགས་དཔེ་ཚོགས》་ལས་རིག་གནས་མཚོ་ལྷོའི་དེབ་ཏུ་བཀོད།

གླུ་ཤགས་ལེ་ཚན་འདིའི་རྩོམ་སྒྲིག་འགན་ཁུར་པ་དང་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་ལེ་ཚན་སྒྲིག་བཟོ་ཚན་ཁག་གི་ཀྲུའུ་རིན་གཞོན་པ་ཚེ་ཐར་འབུམ་གྱིས་གསར་འགོད་པར་བཤད་རྒྱུར།ང་ཚོས་བརྙན་འཕྲིན་སྟེགས་བུའི་གླུ་ཤགས་འགྲན་སྡུར་འདི་སྤེལ་བ་བརྒྱུད།ས་ཁུལ་བར་གྱི་བསམ་བློ་བརྗེ་རེས་དང་མི་རིགས་མཐུན་སྒྲིལ།བོད་འབྲེལ་ས་ཁུལ་གྱི་དཔལ་ཡོན་གཉིས་ཀྱི་འཕེལ་རྒྱས་བཅས་ལ་ནུས་པ་གང་ལེགས་ཤིག་བཏོན་པ་མ་ཟད།རྒྱལ་ཡོངས་ཀྱི་གླུ་ཤགས་ལ་དགའ་མོས་ཡོད་པའི་གླུ་བ་གླུ་མ་རྣམས་ལ་གར་སྟེགས་འདི་ལྟ་བུ་ཞིག་བསྐྲུན་དེ་རང་གི་བདེ་སྐྱིད་འཚོ་བར་བསྟོད་གླུ་འབུལ་བ་དང་དུས་སྐབས་གསར་བའི་རིག་གནས་ཀྱི་རང་རྟོན་ཇེ་མཐོར་བཏང་ནས།རྒན་དར་གཞོན་གསུམ་ཀུན་ཀྱིས་དགའ་བསུ་བྱེད་པའི་བོད་ཀྱི་ངག་རིག་སྒྱུ་རྩལ་འདི་ལ་ལངས་ཚོ་གསར་བ་ཞིག་བསྐྲུན་དགོས་ཟེར།

གླུ་ཤགས་ནི་བོད་རིགས་དམངས་ཁྲོད་ཀྱི་ཤགས་རྩེད་གཙོ་ཡིན་པའི་དམངས་གླུའི་རྣམ་གྲངས་ཤིག་སྟེ། ཤགས་ཀྱི་སྒྱུ་རྩལ་ནི་ཏུན་ཧོང་ཡིག་རྙིང་སོགས་ལོ་རྒྱུས་ཀྱི་ཡིག་ཚང་སྔ་བ་རྣམས་སུ་བཀོད་པ་བཞིན།ལོ་རྒྱུས་རྒྱུན་རིང་ཞིང་བླངས་ན་འཛད་མཐའ་མེད་པ།བརྗོད་བྱ་རྗོད་བྱེད་ཀྱི་ཆ་ལ་ཞི་དྲག་གཉིས་ཀ་ལྡན་པའི་སྒྱུ་རྩལ་གྱི་མ་ལག་ཐུན་མོང་མ་ཡིན་པ་ཞིག་སྟེ།ཤགས་འགྱེད་ཀྱིས་རྒྱལ་ཕམ་འབྱེད་པའི་གོ་རིམ་སོ་སོར་ཀུ་རེ་དང་རྩེད་མཚར།དཀྱེལ་ཡངས་དང་བློ་གསལ་སོགས་ཀྱི་ཁྱད་ཆོས་གསལ་བོར་མངོན་ཞིང་།རྗོད་བྱེད་ཀྱི་ཚིག་སྦྱོར་ལ་གནད་འཁེལ་དང་སྙན་ཆ་འཛོམས་ཤིང་བརྗོད་བྱའི་ཆ་ལའང་སྲིད་པའི་ཆགས་རབས་དང་དམངས་ཁྲོད་སྲོལ་རྒྱུན།དྲིན་ཆེན་ལ་དྲིན་གཟོ་བ་དང་བསྟོད་གླུ་འབུལ་བ།ཐ་ན་སྐར་རྩིས་དང་ས་རྒྱུས།མི་གཞི་ཀུན་སྤྱོད་དང་སྔོན་བྱུང་གཏམ་རྒྱུད་སོགས་ནང་དོན་ཕུན་སུམ་ཚོགས་ལ།གླུ་ཚིག་གི་ས་བོན་ཐམས་ཅད་ཀྱང་དམངས་ཀྱི་འཚོ་བ་ལས་བྱུང་ཞིང་འཚོ་བ་དང་བར་ཐག་ཧ་ཅང་ཉེ་བས་རྒན་དར་གཞོན་གསུམ་ཀུན་ཀྱིས་དགའ་བསུ་ཚད་མེད་བྱེད་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཅིག་གོ