ཏང་གི་འཁྲུངས་སྐར་ལ་ཕུལ་བའི་ཁམས་པའི་རིག་གནས་བཤམས་སྟོན་གླིང་མི་འགྱངས་པར་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་རེད།
2021.07.01 ཁུངས། ཀློག་གྲངས། 41

ཉན་མཁན་རྣམ་པ། ཐེངས་འདིའི་མཚོ་སྔོན་དང་སི་ཁྲོན། ཡུན་ནན། ཀན་སུའུ་བཅས་བོད་འབྲེལ་ཞིང་ཆེན་བཞིའི་བོད་སྐད་རླུང་བརྙན་འཕྲིན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་འབྲེལ་བཅར་འདྲིའི་བྱ་འགུལ་༼བདེ་སྐྱིད་འཚོ་བ་དགའ་བས་གླེང་༽ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་དཔའ་བརྟན་རྒྱལ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ཏང་གི་འཁྲུངས་སྐར་ལ་ཕུལ་བའི་ཁམས་པའི་རིག་གནས་བཤམས་སྟོན་གླིང་མི་འགྱངས་པར་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་རེད་ཞེས་པ་གཏང་རྒྱུ།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གིས་ཉེ་བའི་ལོ་འདི་འགའི་རིང་ལ་ས་གནས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མི་དམངས་ཀྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད།   བོད་ཀྱི་རིག་གནས་ཀྱི་ལྟེ་བ་དང་ཟུར་ལུགས་གསོ་རིག་གི་འབྱུང་གནས། གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ། ཀྲུང་གོའི་བོད་ཀྱི་ལག་ཤེས་བཟོ་རྩལ་གྱི་ཕ་སར་འབོད་པ་སོགས་ཀྱི་མིང་གྲགས་མཚན་སྙན་ཇེ་ཆེར་གཏོང་བཞིན་ཡོད། ཉེ་སྔོན་བོད་འབྲེལ་ཞིང་ཆེན་བཞིའི་བཅར་འདྲི་ཚན་ཆུང་གིས་རྒྱུས་ལོན་བྱུང་བ་ལྟར་ན། སྡེ་དགེ་རྫོང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད་ཁམས་པའི་རིག་གནས་བཤམས་སྟོན་གླིང་ཕྱི་ཕྱོགས་ལ་སྒོ་ཕྱེས་ནས་ཏང་གི་འཁྲུངས་སྐར་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་འབུལ་རྩིས་ཡོད་ཟེར། ཁམས་པའི་རིག་གནས་བཤམས་སྟོན་གླིང་འདི་ནི་སྡེ་དགེ་རྫོང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བདུན་པ་ནས་བཟུང་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་དབུལ་སྐྱོར་ཐོན་ལས་གླིང་གི་ལས་གཞི་ཆེན་པོ་ཞིག་རེད།


འགྲེལ་བཤད་པ་འཇམ་དབྱངས་མེ་ཏོག་གིས་བཤམས་སྟོན་གླིང་གི་སྤྱིའི་གནས་ཚུལ་སྐོར་ནས་བཤད་རྒྱུར།

བཤམས་སྟོན་གླིང་གི་ལས་གཞི་འདིར་ཁྱོན་བསྡོམས་མ་དངུལ་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་ལྷག་བཏང་ཞིང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་ལྔ་དང་སྟོང་ལྔ་ལྷག་ཡོད། འཆར་གཞི་ལྟར་ན་ད་ལོའི་ཟླ་བརྒྱད་པའི་ཟླ་སྟོད་ལ་དངོས་སུ་སྒོ་འབྱེད་རྒྱུ་རེད།

བཤམས་སྟོན་གླིང་འདི་སྡེ་དགེའི་དཔར་ཁང་གི་བོད་ཀྱི་ཤིང་བརྐོས་པར་འདེབས་ལག་རྩལ་ལྟེ་གནས་དང་ཀརྨ་སྒར་བྲིས་ཐང་ག་རི་མོའི་ལག་རྩལ་གླིང་། སྡེ་དགེའི་བོད་ཤོག་སྒྱུ་རྩལ་ལྟེ་གནས། སྡེ་དགེའི་གསར་བརྗེའི་རིག་གནས་བཤམས་སྟོན་ཁང་། མགྲོན་ཁང་དང་ཇ་ཁང་སོགས་རིགས་མི་འདྲ་བ་བཅུ་ཡིས་གྲུབ་ཡོད།

ཁམས་པའི་རིག་གནས་བཤམས་སྟོན་གླིང་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཚེ་རིང་རྣམ་རྒྱལ་གྱིས་ངོ་སྤྲོད་བྱེད་རྒྱུར།

ཁམས་པའི་རིག་གནས་བཤམས་སྟོན་གླིང་འདི་སྒོ་ཕྱེས་རྗེས། ལོ་རེར་ཡུལ་སྐོར་བ་མི་ཐེངས་འབུམ་བདུན་ལྷག་ལ་སྣེ་ལེན་བྱེད་ཐུབ་པ་དང་། བོད་ཀྱི་རིག་གནས་དང་མི་རིགས་ལག་ཤེས་བཟོ་རྩལ། ཟུར་ལུགས་གསོ་རིག་རིག་གནས་བཅས་ཡར་རྒྱས་གོང་འཕེལ་གཏོང་ཐུབ་པ་མ་ཟད། ས་གནས་དེ་གའི་མི་སུམ་བརྒྱ་ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱ་ཐུབ་པ་དང་། བཤམས་སྟོན་གླིང་ལ་མ་རྐང་བཞག་ཡོད་པའི་སྡེ་བ་བརྒྱ་དང་གཉིས་ལྷག་ལ་ལོ་རེར་སྒོར་ཁྲི་དྲུག་ཡན་གྱི་ཡོང་སྒོ་བསྐྲུན་ཐུབ་པའི་འཆར་གཞི་ཡོད།

གསར་འགོད་པ། ཕྱུག་ལོ་དང་དཔའ་བརྟན་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།