ཉན་མཁན་རྣམ་པ། ཐེངས་འདིའི་མཚོ་སྔོན་དང་སི་ཁྲོན། ཡུན་ནན། ཀན་སུའུ་བཅས་བོད་འབྲེལ་ཞིང་ཆེན་བཞིའི་བོད་སྐད་རླུང་བརྙན་འཕྲིན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་འབྲེལ་བཅར་འདྲིའི་བྱ་འགུལ་༼བདེ་སྐྱིད་འཚོ་བ་དགའ་བས་གླེང༽ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་དཔའ་བརྟན་རྒྱལ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་འབྲི་ཆུའི་འགྲམ་གྱི་གྲོང་ཚོ་དང་པོ་སྟེ་གཡུ་ཐོག་སྡེ་གསར་ཞེས་པ་གཏང་རྒྱུ།
ལྕང་ར་གྲོང་རྡལ་གཡུ་ཐོག་སྡེ་གསར་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི་ལྷོ་འདབས་སུ་ཆགས་ཡོད་ལ། ས་ཁོངས་ཀྱི་ཆ་ནས་དཔལ་ཡུལ་རྫོང་དང་འདབས་འབྲེལ་དུ་གནས་ཤིང་། བོད་ལྗོངས་འཇོ་མདའ་རྫོང་དང་འབྲི་ཆའི་ཕར་ཚུར་བྱས་ནས་ཡོད་པ་དང་། ད་ལྟ་སྡེ་བ་ཡོངས་ལ་དུད་ཁྱིམ་བརྒྱ་དང་བཅུ་བདུན་དང་མི་གྲངས་ལྔ་བརྒྱ་ཉེར་གསུམ་ཡོད། སྡེ་བ་འདིར་ཐོན་མ་ཐག་ཐོག་མར་མིག་ལམ་དུ་མངོན་པ་ནི་དེང་རབས་ཀྱི་ཁྱད་ཆོས་དང་སྲོལ་རྒྱུན་ཨར་ལས་ཀྱི་ལག་རྩལ་གཉིས་ཟུང་དུ་སྦྲེལ་ནས་བསྐྲུན་པའི་ཁང་པ་མང་པོ་གྲལ་འགྲིག་པོར་ཆགས་ཡོད་པ་དེ་རེད། རྒྱུས་ལོན་བྱུང་བ་ལྟར་ན་སྡེ་བ་འདི་ནི་སྔོན་ཆད་རི་མཐོ་ལུང་གཟར་དུ་གནས་ཡོད་པས་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པ་དང་ཆུ་གློག་ལམ་གསུམ་གང་ལའང་དཀའ་ཁག་ཆེན་པོ་ཡོད་པའི་རི་ཁུལ་གྱི་སྡེ་བ་ཞིག་རེད། གཡུ་ཐོག་སྡེ་བའི་ཏང་ཡོན་རྒན་པ་ཨ་ཁུ་སེ་ར་ནི་སྡེ་བ་འདི་དང་ཐོག་གནས་སྤོར་བྱེད་སྐབས་མང་ཚོགས་ཀྱི་སྣེ་ཁྲིད་ནས་གནས་སྤོར་བྱེད་མཁན་ཐོག་མ་ཡིན་ལ། ཁོས་ང་ཚོ་རང་གི་ཁྱིམ་དུ་བསུས་ནས་སྡེ་བ་འདིའི་སྔོན་ཆད་ཀྱི་གནས་ཚུལ་དང་ད་ལྟའི་འགྱུར་ལྡོག་སྐོར་ནས་བཤད་རྒྱུར། སྒྲ་་་་་་
གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་བོའི་གོ་སྐབས་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་ཉིས་སྟོང་བཅུ་བདུན་ལོར་སྡེ་བའི་ཁྱིམ་ཚང་བརྒྱ་དང་བཅུ་བདུན་གྱི་མི་གྲངས་ལྔ་བརྒྱ་དང་ཉེར་གསུམ་ཚང་མ་རི་མགོ་ནས་རི་འདབས་སུ་གནས་སྤོར་བྱེད་ཐུབ་པའི་གོ་སྐབས་ཡག་པོར་འཕྲད་པ་དང་། ད་ལྟ་སྡེ་བ་ཡོངས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་ས་མུའུ་བརྒྱ་དང་སུམ་ཅུ་ལྷག་ཡོད་ལ། མིག་སྔར་དཀར་མཛེས་ཁུལ་གྱི་སྡེ་བ་ཧྲིལ་བོ་གནས་སྤར་བའི་ལས་གཞི་ཆེས་ཆེན་པོ་རེད། གཡུ་ཐོག་སྡེ་གསར་གྱིས་སྡེ་བ་གནས་སྤོར་བྱེད་སླ་ཡང་འཚོ་གནས་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཆེད་ས་གནས་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲོད་འོག་ཏུ་རིམ་མཐོའི་ཇུས་འགོད་དང་སྤྱིའི་འཆར་འགོད་ལ་མཐོང་ཆེན་དང་། སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་ཆེད་གཅིག་འདུས་རང་བཞིན་གྱི་ལས་སྐྲུན་ལས་སྤེལ་བྱེད་པར་ཤུགས་སྣོན་བྱེད་བཞིན་ཡོད།
ལྕང་ར་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་སེང་གེ་བཟང་པོས་བཤད་རྒྱུར།
གཡུ་ཐོག་སྡེ་གསར་གྱིས་འབྲི་ཆུའི་འགྲམ་གྱི་གྲོང་ཚོ་དང་པོ་ཞེས་པའི་མིང་གྲགས་མཚན་སྙན་བསྐྲུན་ཆེད། ཡུལ་བབ་ཀྱི་ཁྱད་ཆོས་དང་བསྟུན་ནས་ས་གནས་སྲིད་གཞུང་གི་འཆར་འགོད་ལྟར་མ་དངུལ་སྒོར་ཁྲི་སུམ་བརྒྱ་བཏང་ནས་ས་མུའུ་སུམ་ཅུ་ཅན་གྱི་སྡེ་བའི་ཐུན་མོང་ཐོན་ལས་ར་བ་འཛུགས་སྐྲུན་བྱས་ཏེ། སྔོ་ཚལ་དྲོད་ཁང་དང་རྒྱ་སེ་མེ་ཏོག སྟར་ཀ་སོགས་འདེབས་སའི་ཐོན་ལས་གླིང་དང་ཞིང་ཁྱིམ་སྤྲོ་སྐྱིད་གླིང་བཅས་མུ་འབྲེལ་རང་བཞིན་གྱི་ཐོན་ལས་དང་སྡེ་བ་རིམ་པའི་ཡུལ་སྐོར་ཐོན་ལས་གཉེར་ནས་རང་གི་སྒོ་ཁ་ནས་ལས་ཞུགས་བྱེད་ཐུབ་པ་མངོན་འགྱུར་བྱུང་ཡོད་པར་མ་ཟད། དཔལ་འབྱོར་གྱི་ཡོང་སྒོ་གཏན་འཇགས་ངང་ཇེ་མང་ལ་སོང་ནས་སྡེ་བ་ཡོངས་ཀྱི་རྣམ་པར་སྔ་ན་མེད་པའི་འགྱུར་ལྡོག་གསར་བ་དང་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་ཐོབ་ཡོད།
སྡེ་མི་ཨ་ཁུ་སངས་རྒྱས་ཀྱིས་བཤད་རྒྱུར།
ད་སྐབས་སྡེ་བའི་ནང་གི་ཕོ་མོ་རྒན་གཞོན་ཚང་མ་བདེ་སྐྱིད་ཀྱི་འཚོ་བ་གསར་བ་འདི་ལྟ་བུ་ཞིག་རོལ་ཐུབ་པར་དགའ་བས་ཁེངས་ཡོད་ལ། ཏང་གི་སྲིད་ཇུས་བཟང་བོའི་དྲོད་ཁོལ་ལ་དེ་བས་ཀྱང་ཡིད་ཆེས་དང་རེ་ལྟོས་ཀྱིས་ཁེངས་ཡོད།
རྣམ་པ་གསར་བའི་འབྲི་ཆུའི་འགྲམ་གྱི་གཡུ་ཐོག་སྡེ་གསར།
གཡུ་ཐོག་སྡེ་བའི་སྔོན་ཆད་ཀྱི་རྣམ་པ།
གསར་འགོད་པ། ཕྱུག་ལོ། དཔའ་བརྟན་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།