ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་བའི་བར་ས་གདན་གཙོ་ཡིན་པའི་འཁེལ་འཐག་ཐོན་རྫས་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ཚོང་རྫས་ཨང་དང་པོར་གྱུར།
2021.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཉོ་ཚོང་ཁོར་ཡུག་ཉིན་བཞིན་གཏན་འཇགས་སུ་སོང་བ་དང་བསྟུན་ནས།  སྒོ་ཁྲལ་སྡེ་ཁག་སོགས་སྲིད་གཞུང་སྡེ་ཁག་གིས་གཏན་འབེབས་བྱས་པའི་སྲིད་ཇུས་ཀྱི་བྱེད་ནུས་འོག    མཚོ་སྔོན་གྱི་འཁེལ་འཐག་ལས་རིགས་ལ་གསར་གཏོད་དང་སྤུས་ཚད་མཉམ་བསྲེས་བྱས་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་གྲུབ་ཡོད།     སྒོ་ཁྲལ་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན།  ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་བའི་བར་དུ།   མཚོ་སྔོན་ཞིང་ཆེན་གྱི་འཁེལ་འཐག་རྒྱུ་སྤུན་དང་བཏགས་དངོས།   ཐོན་རྫས་བཅས་ཀྱི་ཕྱིར་གཏོང་གི་ཚད་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ལ་སླེབས་ནས།    ལྡབ་གཅིག་དང་གྲངས་ཆུང་གཉིས་འཕར་ཏེ་མཚོ་སྔོན་གྱི་ཕྱིར་གཏོང་གི་ཚོང་རྫས་ཨང་དང་པོར་གྱུར་བ་དང་།     དུས་མཉམ་གྱི་མཚོ་སྔོན་གྱི་ཕྱིར་གཏོང་བསྡོམས་འབོར་གྱི་བརྒྱ་ཆའི་ཉེར་གསུམ་ཟིན་ཡོད།   དེའི་ནང་།   ས་གདན་ཕྱིར་གཏོང་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་དགུ་ཁྲི་གཉིས་སྟོང་གཅིག་ལ་སླེབས་ནས།  དུས་མཉམ་ལས་བརྒྱ་ཆའི་སོ་ལྔ་དང་གྲངས་ཆུང་དགུ་འཕར་སྣོན་བྱུང་ཡོད།

ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ལས་བཟོ་བ་པའེ་ཀུན་ཞུང་གིས་བཤད་རྒྱུར།    ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན།  ནུབ་མཚོའི་སྒོ་ཁྲལ་སྡེ་ཁག་གིས་སྐུད་ཐོག་གི་མ་ལག་བརྒྱུད་དེ་མཚོ་སྔོན་ཧྲིན་ཡོན་ས་གདན་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་ཟིས་ཕྱིར་གཏོང་བྱས་པའི་ལུག་བལ་གྱི་ས་གདན་སྐོར་ཞིག་ལ་ཐོག་མའི་ཐོན་ཡུལ་གྱི་དཔང་ཡིག་བྱིན་པ་དེས་རིན་ཐང་སྒོར་འབུམ་གསུམ་དང་ཁྲི་དགུ་སྟོང་ལྔ་ཡིན་པའི་ལུག་བལ་གྱི་ས་གདན་དེ་དག་ལ་གཞུང་ཕྱོགས་ཀྱིས་བྱིན་པའི་ཐོག་མའི་ཐོན་ཡུལ་གྱི་དཔང་ཡིག་ཡོད་པར་བྱས།  མདོ་དབུས་མཐོ་སྒང་ནས་ཡོང་བའི་ཞིང་ཕྱུགས་ཐོན་རྫས་ལ་རང་བྱུང་དང་ལྗང་མདོག་གི་མིང་བྱང་གྲགས་ཅན་ཡོད་པར་བྱས་པའི་དཔང་ཡིག་དེས་ཕྱི་རྒྱལ་གྱི་ཚོང་བ་རྣམས་ཀྱིས་མཚོ་སྔོན་གྱི་ས་གདན་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་བཏང་བ་དང་།    ཐོན་རྫས་ཀྱི་ཕྱིར་གཏོང་རྒྱ་བསྐྱེད་པར་ཕན་བཏགས་པར་མ་ཟད།    ཕྱི་རྒྱལ་གྱི་ཚོང་བའི་བར་ཚོང་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན་ཟེར།

ཁྲོམ་རའི་དགོས་མཁོར་གཞིགས་ན།    རང་སོ་སོའི་ཁྱད་ཆོས་ལྟར་འཐག་པའི་རྣམ་པར་ཕྱི་རྒྱལ་གྱི་ཁྲོམ་རས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།   པའེ་ཀུན་ཞུང་གི་བཤད་རྒྱུར།    ང་ཚོས་རང་གི་ཁྱད་ཆོས་ལྟར་འཐག་པའི་ལུག་བལ་ས་གདན་ལ་ཁྲོམ་རའི་སྟེང་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པ་དང་།   རྒྱུན་མཐུད་ཀྱི་ཚོང་ཟོག་མངག་ཐོ་ཡིས་ཐོན་སྐྱེད་ཀྱི་མུ་འབྲེལ་རང་བཞིན་ལ་འགན་སྲུང་བྱས་ལ།    མིག་སྔར་གྱི་ཚོང་ཟོག་མངག་ཐོར་གཞིགས་ན།   ད་ལོའི་ལོ་ཧྲིལ་བོའི་ས་གནས་ཕྱིར་གཏོང་མ་དངུལ་ཚད་ཆེན་པོས་ཇེ་མང་དུ་འགྲོ་ངེས་རེད་ཟེར།

ཉེ་བའི་ལོ་འགའི་རིང་ལ།   འགྲན་རྩོད་ཀྱི་དགེ་མཚན་སྲུང་འཛིན་བྱེད་པ་དང་།  ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་བསྐྱེད་པའི་ཆེད་དུ།  མཚོ་སྔོན་ཞིང་ཆེན་གྱི་གཙོ་ཁྲིད་ཁེ་ལས་བཅུ་ལྷག་གིས་རང་སོ་སོའི་ཁྱད་ཆོས་ལྡན་དགོས་པའི་དཀའ་གནད་ཐག་གཅོད་པ་དང་།    ཚན་རྩལ་ཇུས་འགོད་ཀྱི་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ།   འཁེལ་འཐག་ལག་རྩལ་ལེགས་བཅོས་བྱེད་པ་སོགས་ཐད་ནས་ལེགས་བཅོས་ཆེན་པོ་འབྱུང་བར་འབད་པ་བྱེད་བཞིན་ཡོད།

མཚོ་སྔོན་ཧི་མ་ལ་ཡ་ས་གདན་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ལིང་མེང་ཧེ་ཡིས་ལུག་བལ་གཙང་མའི་ས་གདན་འདི་དག་ནི་ཞིབ་འཇུག་གསར་སྤེལ་བྱས་མ་ཐག་པའི་ཐོན་རྫས་གསར་པ་ཡིན་ལ།    ཕྱིར་གཏོང་བྱས་མ་ཐག་ཕྱི་རྒྱལ་གྱི་ཚོང་བ་དག་གི་དགའ་བསུ་ཆེན་པོ་ཐོབ་ཅེས་བཤད།    པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས།  ཁེ་ལས་ཀྱིས་སྲིད་གཞུང་གི་རོགས་སྐྱོར་ཆེན་པོའི་འོག  དུས་ཐོག་ཏུ་བྱེད་ཐབས་ལེགས་སྒྱུར་བྱས་པ་དང་།    ཚན་ཞིབ་ཤུགས་ཚད་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་ཁྲོམ་རས་དགའ་བསུ་ཐོབ་པའི་ཐོན་རྫས་གསར་པ་མང་པོ་ཞིབ་འཇུག་གསར་སྤེལ་བྱས་པ་དང་།   ན་ནིང་གི་ལོ་སྨད་ཀྱི་ཚུན་ལ་ཚོང་ཟོག་མངག་ཐོ་བྱེད་མཁན་རྒྱུན་མཐུད་ངང་ཇེ་མང་དུ་འགྲོ་བཞིན་ཡོད།

                                                                                                   ལྷ་མོ་ཚེ་རིང་གིས་བསྒྱུར།