སྡེ་དགེ་སྨན་ཤོད་ཡུལ་གྱི་དབུལ་ཐར་ཐོན་ལས་གླིང་གིས་ས་གནས་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད།
2021.07.12 ཁུངས། ཀློག་གྲངས། 45

ཐེངས་འདིའི་མཚོ་སྔོན་དང་སི་ཁྲོན། ཡུན་ནན། ཀན་སུའུ་བཅས་བོད་འབྲེལ་ཞིང་ཆེན་བཞིའི་བོད་སྐད་རླུང་བརྙན་འཕྲིན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་འབྲེལ་བཅར་འདྲིའི་བྱ་འགུལ་༼བདེ་སྐྱིད་འཚོ་བ་དགའ་བས་གླེང༽ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་དཔའ་བརྟན་རྒྱལ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་སྡེ་དགེ་སྨན་ཤོད་ཡུལ་གྱི་དབུལ་ཐར་ཐོན་ལས་གླིང་གིས་ས་གནས་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད་ཅེས་པ་གཏང་རྒྱུ།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་ཚུགས་པའི་ལོ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ལོ་ཡིན་ལ། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་བོད་འབྲེལ་ཞིང་ཆེན་བཞིའི་བོད་སྐད་རླུང་བརྙན་འཕྲིན་གྱི་མཉམ་འབྲེལ་བཅར་འདྲི་ཚན་ཆུང་ཉེ་ལམ་ཁམས་སྡེ་དགེའི་བོད་ཀྱི་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཕ་ས་ཞེས་སུ་གྲགས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་སྨན་ཤོད་གྲོང་རྡལ་དུ་བསྐྱོད་པ་ཡིན། སྨན་ཤོད་གྲོང་རྡལ་ནི་སྡེ་དགེ་རྫོང་གི་ལྷོ་ཕྱོགས་སུ་གནས་ཡོད་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱད་ཅུ་ལྷག་ཡོད། གནས་འདི་ནི་རྫ་ནག་དང་བལ་ཁུལ་བསླས་འཐག ཟངས་རྡུང་། ཐང་ཀ ཤིང་བརྐོས། མགར་བཟོ་སོགས་གནའ་བོའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཀྱི་བཟོ་རྩལ་སྣ་ཉི་ཤུ་ལྷག་གནའ་ནས་ད་ལྟའི་བར་དུ་རྒྱུན་མ་ཆད་པར་ཆ་ཚང་ངང་རྒྱུན་འཛིན་དང་དར་སྤེལ་བྱེད་མུས་སུ་ཡོད་པའི་གནས་མཆོག་ཅིག་དང་། དྲི་མ་ཡལ་ཞིང་དྲོད་མ་ཉམས་པའི་བོད་ཀྱི་གདོད་མའི་ལག་ཤེས་བཟོ་རྩལ་ལ་ལུས་སེམས་གཉིས་ཀྱིས་མྱོང་རོལ་བྱེད་སའི་བང་མཛོད་ལྟ་བུ་ཞིག་ཡིན་པས། ཐེངས་འདིར་ང་ཚོ་བཅར་འདྲི་ཚན་ཆུང་སྡེ་དགེ་རྫོང་གི་འབྲེལ་ཡོད་འགན་ཁུར་བ་དང་མཉམ་དུ་སྨན་ཤོད་དབུལ་ཐར་ཐོན་ལས་གླིང་གི་མུ་འབྲེལ་རང་བཞིན་གྱི་ལག་ཤེས་བཟོ་རྩལ་འཁོར་ཁང་སྣ་བཅུ་དགུའི་ཁྲོད་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་ལག་ཤེས་འཁོར་ཁང་སྐོར་ཞིག་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན། བཅར་འདྲི་ཚན་ཆུང་དབུལ་ཐར་ཐོན་ལས་གླིང་གི་ཆོས་འཕགས་སྲོལ་རྒྱུན་རྫ་ནག་རིག་གནས་རྒྱུན་འཛིན་ཁང་ལ་ཐོན་པ་ན་ཀུང་ཟི་འདིའི་སྤྱི་གཉེར་བ་ཀུན་དགའ་བློ་གྲོས་ཀྱིས་སློབ་བུ་འགའ་དང་མཉམ་དུ་སེམས་རྣལ་ལ་ཕབ་ནས་རྫ་ཆས་ལས་བཞིན་འདུག

ཀུན་དགའ་བློ་གྲོས་ཚང་ནི་སྔོན་ཆད་ཆ་རྐྱེན་ཞན་པའི་འབྱོར་ཆུང་ཁྱིམ་ཚང་ཞིག་ཡིན་ལ། རྗེས་སུ་རིམ་གྱིས་རང་ཉིད་ཀྱི་འཇོན་ཐང་དང་བརྩོན་འགྲུས་ལ་བརྟེན་ནས་རྫ་བཟོའི་ལག་རྩལ་བྱང་ཆུབ་པ་སྦྱངས་ནས་ད་ལྟ་རང་ངོས་ནས་ཇ་རྫ་དང་ཆང་རྫ། ཇ་རྐྱན། ཆང་རྐྱན། མེ་ཏོག་བུམ་པ། ཞུགས་སླང་། རྫ་གླིང་སོགས་ཀྱིས་མཚོན་པའི་རྫ་ཆས་མང་པོ་བཟོས་ཏེ། ས་ཆ་མང་པོར་ཕྱིར་འཚོང་བྱས་ནས་དཔལ་འབྱོར་གྱི་ཡོང་སྒོ་སྐྲུན་བཞིན་ཡོད་པར་མ་ཟད། རྫ་བཟོའི་ལག་རྩལ་འདི་ཉིད་རྒྱུད་འཛིན་དར་སྤེལ་གཏང་རྒྱུ་ནི་རང་གི་འོས་འགན་དང་མ་འོངས་པའི་དམིགས་འབེན་དུ་བྱེད་པ་དང་། གནས་འདིའི་སྐྱེ་ཁམས་ཁོར་ཡུག་ལ་སྔར་ལས་སྲུང་སྐྱོང་དང་བཀོལ་སྤྱོད་ལེགས་པོ་བྱེད་རྒྱུ་དེ་ནམ་ཡང་སེམས་ཁོངས་ནས་འདོར་ཐབས་མེད་པའི་རླབས་ཆེན་བྱ་བཞག་ཅིག་ཏུ་བསམ་བཞིན་ཡོད།

ཁོས་རྫ་ཆས་ལས་ཞོར་དུ་གསར་འགོད་པར་བཤད་རྒྱུར།

སྡེ་དགེའི་བཤད་རྒྱུན་ལ་སྨན་ཤོད་ཡུལ་དུ་མ་ཐོན་ན་སྡེ་དགེར་མ་ཐོན་ཞེས་པའི་བཤད་སྲོལ་ཅིག་ཡོད་པ་དེས་ཡུལ་འདིའི་མི་བུ་ཡོད་དོ་ཅོག་ལ་གཅིག་མཐུན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་མི་རབས་ནས་མི་རབས་བར་དུ་གདོད་མ་ནས་ཡོད་པའི་བོད་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་སྣ་ཚོགས་ཕ་གཏམ་བུ་འཇགས་ཞེས་པའི་དཔེ་བཞིན་ཕ་ནས་བུ་དང་བུ་ནས་ཚ་བོ་ཚ་མོར་བརྒྱུད་ཡོང་རྒྱུའི་ལུགས་སྲོལ་ཁྱད་པར་བ་ཞིག་ཡོད་པ་དེ་རེད།

མཁྱེན་ལི་ཟངས་ལུགས་ཀྱི་ལག་ཤེས་བཟོ་རྩལ་ནི་ཁྱིམ་རྒྱུད་ཁོ་ནར་བརྒྱུད་ཡོང་བའི་སྲོལ་རྒྱུན་མགར་བཟོའི་རིགས་ཀྱི་ལག་རྩལ་ཞིག་ཡིན་ལ། རབས་གསར་བའི་བཟོ་གྲྭའི་ལག་ཤེས་རྒྱུན་འཛིན་པ་ཟླ་བ་སྒྲོལ་མ་དང་ཟླ་བ་གྲགས་པ་མིང་སྲིང་གཉིས་ནི་མཁྱེན་ལི་ཟངས་ལུགས་ལག་ཤེས་ཀྱི་རྒྱུན་འཛིན་མཁན་མི་རབས་བདུན་པ་ཡིན། ཟླ་བ་གྲགས་པས་རང་ཉིད་ཀྱི་བཟོ་གྲྭ་འདིའི་ད་ལྟའི་འཕེལ་རྒྱས་དང་ཐོན་རྫས་ཕྱིར་འཚོང་གི་ཚོང་ལམ་གསར་འབྱེད་བྱས་པའི་ཐད་ནས་བཤད་རྒྱུར། 

 སྒྲ་ཐོན་པ་་་་་་་་་་

ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་གྱིས་ཟླ་བ་གྲགས་པ་ལྟ་བུའི་སྨན་ཤོད་ཡུལ་གྱི་ལག་ཤེས་བཟོ་རྩལ་པ་མང་པོར་རང་གི་སྲོལ་རྒྱུན་ལག་ཤེས་འདི་ཉིད་མུ་མཐུད་དུ་རྒྱུན་འཛིན་བྱེད་ཐུབ་པར་ཕན་བདེ་བསྐྲུན་ཡོད་པར་མ་ཟད། ད་དུང་ཁོའི་གཅེན་མོ་ཟླ་བ་སྒྲོལ་མ་ལྟར་ཕྱི་རྒྱལ་གྱི་སློབ་གྲྭ་གྲགས་ཅན་དུ་སློབ་གཉེར་བྱས་ནས་ཕྱིར་ལོག་མཁན་གྱི་ཕུལ་བྱུང་ན་གཞོན་ཚོར་རང་ཉིད་ཀྱི་སྦྱངས་འབྲས་ལ་བརྟེན་ནས་ཕ་ཡུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད།

ཀརྨ་སྒར་བྲིས་ནི་བོད་ཀྱི་ཐང་གའི་བྲིས་རྒྱུན་ཆེན་མོ་བཞི་སྟེ་ཀརྨ་སྒར་བྲིས་ལུགས་དང་། སྨན་ཐང་པའི་ལུགས། མཁྱེན་བརྩེ་ཆེན་མོའི་ལུགས། བྱེའུ་སྒང་པའི་ལུགས་བཅས་ཀྱི་ཡ་གྱལ་ཡིན་ཞིང་། ཁམས་ཕྱོགས་ལ་མཚོན་ན་དར་ཁྱབ་ཧ་ཅང་ཆེན་པོ་ཡོད། མུ་འབྲེལ་ཐོན་ལས་གླིང་འདིའི་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་ཚེ་འཕེལ་དང་ཁོང་གི་བུ་འཇིགས་མེད་ནམས་མཁའ་གཉིས་ཀྱིས་གཉེར་བཞིན་པའི་ཀརྨ་སྒར་བྲིས་ནི་ཐོན་ལས་གླིང་འདིའི་ནང་གི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིག་ཡིན་ལ། ཁོང་ཕ་བུ་གཉིས་ཀྱི་ལོ་ངོ་དུ་མའི་འབད་བརྩོན་དང་རྒྱུན་འཛིན་ལ་བརྟེན་ནས་སྔོན་ཆད་ཀྱི་ཁྱིམ་གཉེར་རང་བཞིན་གྱི་འཁོར་ཁང་ཆུང་བ་ནས་ད་ལྟ་གཞི་ཁྱོན་ཅན་གྱི་བཟོ་གྲྭའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

ཚེ་འཕེལ་ཕ་བུ་གཉིས་ཀྱིས་སྒར་བྲིས་ལུགས་ཀྱི་བཟོ་གྲྭའི་གནས་ཚུལ་སྐོར་ནས་བཤད་རྒྱུར།

སྨན་ཤོད་ཡུལ་ལ་མཚོན་ན་སྔོན་ཆད་ཁོ་ཚོས་གཉེར་བཞིན་པའི་སྲོལ་རྒྱུན་ལག་ཤེས་ཀྱི་བཟོ་རྩལ་ཐམས་ཅད་རང་ཁྱིམ་དུ་ལས་གྲྭ་ཆུང་ཆུང་ལ་བརྟེན་ནས་གཉེར་བཞིན་ཡོད་ནའང་། ད་ལྟ་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་དང་སྣེ་ཁྲིད་འོག་ཏུ་ལས་གྲྭ་ཆུང་ཆུང་རིགས་ཀྱི་གཞི་ཁྱོན་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་གྱི་མུ་འབྲེལ་ཐོན་ལས་གླིང་ཆེན་པོ་ཞིག་ཏུ་གྲུབ་ཡོད་པར་མ་ཟད། སྲོལ་རྒྱུན་ལག་ཤེས་ཀྱི་ཐོན་རྫས་སྣ་ཚོགས་ས་གནས་གཞན་པར་ཕྱིར་འཚོང་བྱེད་པ་དང་། རིག་གནས་དང་ཡུལ་སྐོར། ཚོང་ལས་བཅས་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བའི་ཕྱུག་འགྱུར་གྱི་བགྲོད་ལམ་གསར་བ་ཞིག་ཏུ་སྙེག་བཞིན་ཡོད།

                           སྨན་ཤོད་གྲོང་རྡལ་གྱི་གྲོང་གཙོ་བསོད་ནམས་རྒྱལ་མཚན་གྱིས་བཤད་རྒྱུར།

གསར་འགོད་པ། ཕྱུག་ལོ་དང་དཔའ་བརྟན་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།