མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བའི་འགྲན་ལམ་གཉིས་པ་སྟེ་ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་འགྲན་སྡུར་ཁྲོད་འགྲན་ཞུགས་པ་ཕིན་ཞིན་ལ་བྱ་དགའ་ཨང་དང་པོ་ཐོབ།
2021.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། 2021ལོའི་ཐེན་ཡོའུ་ཏི་རྟགས་མའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བའི་འགྲན་ལམ་གཉིས་པ་སྟེ་ཟི་ལིང་ནས་ཧུའུ་ཀྲུའུ་ཧྲི་ཨེར་ཕན་ལ་རྒྱུག་པའི་འགྲན་སྡུར་ཁྲོད། འགྲན་ཞུགས་ཨང་རྟགས་ཉེར་གཅིག་པ་ཀྲང་ཀྲི་ཧྲན་དང་ཀན་སུའུ་དངུལ་ཁང་ལྕགས་རྟ་རུ་ཁག་གི་འགྲན་ཞུགས་ཨང་རྟགས་བཞི་བ་ཕིན་ཞིན་གཉིས་ཀྱིས་ཧྲི་ཨེར་ཕན་གྱི་ལ་རྩེ་ནས་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་དེ། མཇུག་མཐར་ཕིན་ཞིན་གྱིས་ཆེས་མཐའ་མཇུག་གི་སྨི་སུམ་ཅུའི་མཆོང་རྒྱུག་ཁྲོད་ཀྲང་ཀྲི་ཧྲན་ཕམ་པར་བརྒྱབ་ནས་འགྲན་ལམ་གཉིས་པའི་བྱ་དགའ་ཨང་དང་པོ་བླངས་པ་དང་། ཀྲང་ཀྲི་ཧྲན་ལ་ཨང་རིམ་གཉིས་པ་ཐོབ། ཨང་རིམ་གསུམ་པ་ཐོབ་མཁན་ནི་ཧི་ནན་པ་ཏིས་རུའེ་རུ་ཁག་གི་ལིས་པོ་ཨན་རེད།

འགྲན་སྡུར་རྗེས་ཀྱི་གྲུབ་འབྲས་ལ་བལྟས་ན། འགྲན་ལམ་གཉིས་པའི་བྱ་དགའ་ཨང་དང་པོ་ཐོབ་མཁན་ཀན་སུའུ་དངུལ་ཁང་རུ་ཁག་གི་ཕིན་ཞིན་གྱིས་སྤྱིའི་གྲུབ་འབྲས་མཚོན་པའི་ཐེན་ཡོའུ་ཏིའི་སྤྱིའི་གྲུབ་འབྲས་ཀྱི་ལྭ་བ་སེར་བོ་གོན་པ་མ་ཟད། ཁོས་ད་དུང་མཚོ་སྔོན་ཞིང་ལས་དངུལ་ཁང་གི་ཆེས་བཟང་བའི་ན་གཞོན་གྱི་སྣེ་ཁྲིད་པའི་ལྭ་བ་དཀར་པོ་རྒྱུན་སྲུང་བྱས། བྱ་དགའ་གཉིས་པ་ཐོབ་མཁན་ཀྲང་ཀྲི་ཧྲན་ལ་ལ་འཛེག་མཁན་པོའི་ལྭ་བ་ཁྲ་ཁྲ་བྱིན།

2021ལོའི་ཐེན་ཡོའུ་ཏི་རྟགས་མའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བའི་འགྲན་ལམ་གཉིས་པ་ནི་ཟི་ལིང་ནས་ཧུའུ་ཀྲུའུ་ཧྲི་ཨེར་ཕན་བར་ཡིན་ལ། སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་ལ་འཛེག་ལམ་མཚམས་དང་པོ་ཡིན་ལ། རི་རྩེའི་མཐའ་མཇུག་གི་འགྲན་ལམ་ཡང་ཡིན། འགྲན་ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ་བརྒྱ་དང་རེ་གཉིས་ཡོད་པ་དང་མཚོ་འཕགས་སྨི་སྟོང་གཅིག་དང་ཉིས་བརྒྱའི་ལར་འཛེག་དགོས་ལ། ལམ་བར་དུ་བསྡོམས་པས་མཆོང་རྒྱུག་བྱེད་ས་གཅིག་དང་ཆེས་མཐོའི་ལར་འཛེག་ས་གནས་གཅིག་བཙུགས་ཡོད།

རིན་ཆེན་མཚོས་བསྒྱུར།