སྤྱི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་བསྡུ་འགོ་བརྩམས།
ཐེངས་འདིའི་འགྲེམ་ཚོགས་དེ་འགྲེམ་སྟོན་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་རུ་དགར་ཞིང་། ཚོགས་ར་གཙོ་བོ་དེ་ཟི་ལིང་གྲོང་ཁྱེར་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་ཡོད་ལ། ཡན་ལག་ཚོགས་ར་མཚོ་ནུབ་ཁུལ་གཏེར་ལེན་ཁ་རུ་བཀོད་སྒྲིག་བྱས་འདུག ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ཞིང་ཆེན་ཕྱི་ནང་གི་ཁེ་ལས་སྡེ་ཁག་མང་པོས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྷད་མེད་ཐོན་རྫས་མང་པོ་འགྲེམ་སྟོན་བྱེད་དུ་འཁྱེར་ཡོང་འདུག་ཅིང་། ལྷག་པར་རང་ཞིང་ལ་མཚོན་ན་ཁུལ་དང་རྫོང་ཁག་རེ་རེའི་ཁེ་ལས་ཐོན་རྫས་སྣ་ཚོགས་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་པའི་བྱ་འགུལ་ཁྲོད་ཞུགས་ནས། ཁེ་ལས་ཐོན་རྫས་སྣ་ཚོགས་ཀྱི་གསར་སྐྲུན་གྲུབ་འབྲས་འགྲེམ་སྟོན་བྱས་པ་ལ། མཛད་སྤྱོད་པ་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་ངང་གིས་འདུས་ཤིང་རང་ཉིད་ལ་མཁོ་བའི་དངོས་རྫས་སྣ་ཚོགས་ཉོ་བ་དང་། དེ་མིན་ཁེ་ལས་སྡེ་ཁག་སོ་སོ་དང་མི་སྒེར་སོགས་ཕན་ཚུན་བར་ཁེ་ལས་ཀྱི་མཉམ་འབྲེལ་གན་རྒྱ་འཇོག་པ་སོགས་འདུ་འཛི་ལང་ལོང་བྱེད།
ཐེངས་འདིའི་འགྲེམ་སྟོན་གྱི་བྱ་འགུལ་ཁྲོད་མི་རིགས་ཐོན་རྫས་སྣ་ཚོགས་འགྲེམ་སྟོན་བྱས་ཤིང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་མང་པོ་ཞིང་ཆེན་ཕྱི་ནང་གི་ཁེ་ལས་པ་དང་མཛད་སྤྱོད་པ་སོགས་ལ་ངོ་སྤྲོད་དང་དྲིལ་སྒྲོག་བྱས་ཡོད་པ་མ་ཟད། མ་འོངས་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་སུ་ཕན་ཚུན་དཔེ་ལྟ་དང་འགྲན་རྩོད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད་པས། ཡུལ་དངོས་ཀྱི་ཁེ་ལས་པ་མང་པོས་གོ་སྐབས་དམ་འཛིན་གྱིས་རང་གི་ཐོན་རྫས་ཁྱབ་སྒྲོག་བྱེད་པ་ལས་གཞན། ཁེ་ལས་གཞན་གྱི་ཐོན་རྫས་གསར་སྐྲུན་གྱི་ཁྱད་ཆོས་དང་དོ་དམ་གྱི་གནས་ཚུལ། ཁེ་ལས་ཀྱི་སྣང་བརྙན་གསར་བཟོའི་ཐབས་ལམ་སོགས་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་ཀྱིན་འདུག
མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་བྱ་འགུལ་འདི་ལས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་ནུས་པ་མ་ཟད། ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཐོན་རྫས་གསར་སྐྲུན་འཕེལ་རྒྱས་ཀྱིས་ས་གནས་སོ་སོའི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་པ་དང་། མི་རིགས་ཐོན་ལས་རྒྱལ་ཡོངས་དང་རྒྱལ་སྤྱི་རིམ་པར་ཁྱབ་བརྡལ་དུ་འགྲོ་བའི་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱས་ཡོད་པ་དང་། དེ་མིན་ས་གནས་སོ་སོས་ཁེ་ལས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་ཕྱོགས་སུ་སྐུལ་འདེད་བྱེད་པར་ནུས་པ་བླ་ལྷག་ཐོན་ཡོད།
གསར་འགོད་པ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།