དེ་རིང་སྟེ་སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་ཞིང་ཆེན་ཕྱི་ནང་གི་ཁེ་ལས་དང་སྡེ་ཁག་སོ་སོས་རང་རང་གི་ཐོན་རྫས་སྣ་ཚོགས་ཉོ་ཚོང་གི་ལས་ལ་བྲེལ་བཞིན་འདུག གསར་འགོད་པས་རང་ཞིང་གི་བོད་འབྲེལ་ས་ཁུལ་གྱི་ཁེ་ལས་པ་དང་ཚོང་པ་སྐོར་ཞིག་ལ་ཆེད་དུ་བཅར་འདྲི་བྱས་ཤིང་། ཁོ་ཚོར་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ཞུགས་པའི་ཉམས་མྱོང་སྣ་ཚོགས་ལྷུག་པོར་བརྗོད་དུ་བཅུག་པ་ན། ཀུན་གྱིས་མགྲིན་གཅིག་ཏུ་ལན་བཏབ་ཡོང་པ་ནི་དེང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལ་རང་ཉིད་ཀྱིས་སྒྲུབ་འདོད་པའི་ཁེ་གཉེར་གྱི་ལས་ཀ་ལ་གོང་རིམ་སྡེ་ཁག་སོ་སོ་ནས་གཟིགས་སྐྱོང་གང་མང་གནང་ཞིང་། ས་གནས་རིག་གནས་ཐོན་རྫས་དག་ལ་ཁྱབ་སྒྲོག་དང་ཉོ་ཚོང་། མཉམ་ལས་རོགས་རེས་ཀྱི་སྟེགས་བུ་གལ་ཆེན་ཞིག་འདོན་སྤྲོད་བྱས་ཤིང་། དེའི་ཐད་མ་དངུལ་ཡང་མི་ཉུང་བ་བཏང་ཡོད་པས། དངོས་གནས་སེམས་འགུལ་ཐེབས་ནི་ཞིག་རེད་ཟེར།
མཚོ་སྔོན་རིན་ཆེན་འདུས་རི་ཆུ་མིག་འཐུང་ཆུ་ཚད་ཡོད་ཀུང་ཟིས་ས་གནས་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས། རོང་འབྲོག་པའི་དཔལ་འབྱོར་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་ཆེན་པོ་བཏང་། ཀུང་ཟི་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་ཤིག་རེད། ཀུང་ཟིའི་སྤྱི་གཉེར་བ་སྟག་གོས་རང་བྱུང་རྫ་ཆུ་བསིལ་མའི་ལོ་ངོ་གཉིས་ཀྱི་ཐོན་སྐྱེད་ཀྱི་ཕན་འབྲས་དེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྟེང་ཁྱེར་ཡོང་འདུག་ལ། གསར་འགོད་པས་ཁོར་བཅར་འདྲི་བྱས་པ་ན་ཁོས་འདི་ལྟར་བཤད་བྱུང་།
དེ་ནས་གསར་འགོད་པ་མུ་མཐུད་དུ་མཚོ་ལྷོ་འགྲེམ་ཁུལ་དུ་སོང་པ་ན། འབྲོག་པ་ཞིག་གིས་རྟ་སྒ་སྣ་ཚོགས་འགྲེམ་སྟོན་བྱས་འདུག་ལ། བལྟས་ཚོད་ཀྱིས་གནའ་བོའི་འབྲོག་སྡེའི་ལག་ཤེས་ཀྱིས་ཡོངས་སུ་ཕྱུག་པའི་བཟོ་བ་ཞིག་ཡིན་པའི་ཉམས་སྣང་འདུག མ་གཞི་ཁོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ་ཆུང་དུས་ནས་རྟ་ལ་དགའ་ཞིང་སྒ་ལ་དུང་པའི་མི་ཞིག་རེད། རང་གི་དགའ་ཕྱོགས་དེའི་རྐྱེན་གྱིས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་རྟ་ལ་ཞོན་ཞིང་རྟ་སྒ་བཟོས་ནས་བསྡད་པ་རེད། ཁོས་བཟོས་པའི་རྟ་སྒ་ཡི་བཟོ་རྩལ་ལ་ཞིབ་ཚགས་ལྡན་ཞིང་། གནའ་བོའི་ལག་ཤེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད་པ་མ་ཟད། རང་གི་དུས་ཡུན་རིང་པོའི་ཉམས་མྱོང་སྣ་ཚོགས་གསོག་འཇོག་བྱས་ཡོད་པས། ད་ལྟ་མཚོ་ལྷོ་དང་མཚོ་བྱང་། མགོ་ལོག་སོགས་སུ་ཁོའི་རྟ་སྒ་ཉོ་མཁན་གྱི་མི་མང་པོ་ཡོད་ཅིང་། ཚང་མས་ཁོའི་བཟོ་རྩལ་ལ་བསྟོད་བསྔགས་ཀྱི་མེ་ཏོག་ཅི་དགར་གཏོར་གྱིན་འདུག་པས། ས་གནས་སྲིད་གཞུང་གིས་ཆེད་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ལ་འོས་སྦྱོར་བྱས་པ་རེད། ཁོ་ལ་ཀུང་ཟི་དང་བཟོ་གྲྭ་སོགས་ཅི་ཡང་མེད། ཁོས་རང་གི་ཡུལ་ནས་ཁོམ་སྐབས་སྤྱད་དེ་རྟ་སྒ་བཟོས་ཤིང་། དེས་འཚོ་བའི་གྲོན་དངུལ་གྱི་ཁ་གསབ་ཙམ་རེ་ལེན་བཞིན་འདུག ཡུལ་དངོས་ནས་ལྟ་མཁན་དང་མཛད་སྤྱོད་པ་མང་པོས་ཁོ་ལ་ཀུང་ཟི་ཞིག་ཐོ་འགོད་བྱེད་དགོས་ཚུལ་གྱི་བློ་འདོན་བྱེད་ཀྱིན་འདུག་ལ། རང་གི་ལག་རྩལ་དེ་ཕྱི་རབས་པ་རྣམས་ལ་རྒྱུན་འཛིན་བྱེད་དུ་འཇུག་དགོས་ཟེར། གསར་འགོད་པས་ཁོ་ལ་བཅར་འདྲི་བྱེད་དུས། ཁོས་བཤད་རྒྱུར།
དེ་ནས་གསར་འགོད་པ་མགོ་ལོག་འགྲེམ་ཁུལ་དུ་སོང་པ་ན། ན་གཞོན་སློབ་ཆེན་མཐར་ཕྱིན་སློབ་མ་ཞིག་གིས་ས་གནས་ཀྱི་འོ་མ་ལ་བརྟེན་ནས་འཚིག་ཇ་ཞིག་གསར་བཟོ་བྱས་ཤིང་། ཐོན་རྫས་དེ་ལ་བརྟེན་ནས་ཡོང་སྒོ་འཚོལ་བཞིན་ཡོད་པ་མ་ཟད། མ་འོངས་པར་རང་གིས་ས་གནས་ཐོན་ལས་ལ་བརྟེན་ནས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏང་འདོད་ཡོད་པ་མ་ཟད། ན་གཞོན་རྣམས་ལ་ལས་ཞུགས་ཀྱི་གནད་དོན་ཐག་གིས་གཅོད་ནུས་པའི་གཞི་རྒྱ་ཆེ་བའི་ཁེ་ལས་ཤིག་ཆགས་རྒྱུའི་ཕུགས་བསམ་ཡོད་ཟེར་ལ། ཁོས་སློབ་ཆེན་པ་ཡོད་ཚད་ཀྱིས་གཞུང་ཞབས་པའི་ལས་རྐང་ཁོ་ན་ལ་རེ་བ་འཛིན་པ་ལས། རང་གི་འཇོན་ནུས་ལ་བརྟེན་ནས་ལས་སྒོ་ཅི་རིགས་གསར་སྤེལ་བྱས་ན་ལེགས་པར་འདོད་ཟེར། ཁོའི་མིང་ལ་མཁར་འབུམ་ཟེར། ཁོས་བརྙན་མིག་ལ་ཁ་གཏད་ནས་གསར་འགོད་པར་བཤད་རྒྱུར།
འཇིགས་བྱེད་སྐྱབས་ཟེར་པའི་ན་གཞོན་ཁེ་ལས་པ་ཞིག་གིས་མཐོ་སྒང་གི་ནོར་ནག་གི་ཁུ་ལུ་ལ་བརྟེན་ནས་ཞྭ་མོ་དང་རྒྱབ་ཁུག་སོགས་ཐོན་སྐྱེད་བྱེད་ཀྱིན་འདུག་ལ། ཁོས་ས་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཐོན་རྫས་གསར་བཟོ་བྱས་ཤིང་། ཁྲོམ་ར་སྔར་ལས་ཇེ་ཡངས་སུ་གཏོང་ཆེད་དུ། ལོ་རེར་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པ་ཡིན་ཟེར། སོག་ལྭ་སྔོན་པོ་གྱོན་པའི་ཁེ་ལས་པ་འདིས་གསར་འགོད་པར་བཤད་རྒྱུར།
རྨ་སྐར་ཆེན་ཡུལ་སྐོར་རིག་གནས་སྤྱི་གཉེར་ཚད་ཡོད་ཁང་གི་འགོ་བ་རིན་ཆེན་རྒྱལ་གྱིས་མཐོ་སྒང་གཡང་ཊི་ལས་བཟོས་པའི་ཐོན་རྫས་ཅ་ནེ་དང་། ཇ་ཕོར། ཕྲེང་བ། གདུ་གུ་སོགས་འགྲེམ་སྟོན་བྱས་འདུག་ལ། ཕྱི་བལྟས་ཙམ་གྱིས་ཀྱང་སྤུས་དག་ཡིན་སྣང་སྟེར་པའི་ཐོན་རྫས་རེ་རེས་ལྟ་མོ་བ་མང་པོའི་མིག་དབང་ཅིག་ཅར་འཕྲོག་གིན་འདུག ཁོས་བཤད་རྒྱུར།