སོར་རྩེ་ལས་འཁྲུངས་པའི་སྒྱུ་རྩལ།
2021.07.26 ཁུངས། ཀློག་གྲངས། 100

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས། )ཟི་ལིང་མཁར་དཀྱིལ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་འགྲེམས་ཁུལAཡི་རྨ་ལྷོའི་འགྲེམས་ཁུལ་ཞིག་ཏུ་མང་ཚོགས་མི་ཉུང་བ་ཞིག་དངོས་ཟོག་ལྟ་བར་ཡོང་བ་དང་། ཚང་མས་ལྟ་རུབ་བྱས་པའི་འགྲེམས་རྫས་དག་ནི་ལོ་རབས90པའི་ནང་སྐྱེས་པའི་སོག་རིགས་ཀྱི་ཕོ་གསར་གཉིས་ཏེ་ཚེ་རིང་དོན་གྲུབ་དང་གདུགས་དཀར་རྒྱལ་གཉིས་ཀྱིས་འཁྱེར་ཡོང་བའི་ཀོ་ཤོག་རེད་འདུག

ཀོ་ཤོག་བཟོ་བར་ལས་རིམ11བརྒྱུད་དགོས་པ་དང་། ཤོག་བུ་གཅིག་ལེགས་གྲུབ་བྱེད་པར་དུས་ཡུན་ཉིན21སྤྱད་ཚེ་གཞི་ནས་ལེགས་གྲུབ་ཡོང་ཐུབ། ཚེ་རིང་དོན་གྲུབ་དང་གདུགས་དཀར་རྒྱལ་གཉིས་ནི་གཅེན་གཅུང་ཡིན་པ་དང་། 2017ལོར་སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས་ཁེ་ལས་འཕེལ་རྒྱས་ཀྱི་ལས་ཀའི་ཉམས་མྱོང་བསགས་ནས། ལོ་གསུམ་སོང་རྗེས་གཅེན་གཅུང་གཉིས་ཀྱིས་ཁེ་ལས་ཀྱི་གཞི་རྩའི་ནུས་རྩལ་སྦྱང་བ་དང་བསྟུད་མར་ཀུང་སི་བཙུགས་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་གྱི་ཀོ་ཤོག་ཁྲོམ་རའི་ཐོག་གཉེར་སྐྱོང་བྱ་རྒྱུར་མགོ་ཚུགས།

དུས་ཡུན་རིང་པོར་སློབ་སྦྱོང་བྱས་པ་བརྒྱུད་གཅེན་གཅུང་གཉིས་ཀྱི་ཀུང་སིའི་གཉེར་སྐྱོང་ལེགས་འགྲུབ་བྱུང་ནས། 2020ལོར་སླེབས་སྐབས་ལས་གཏོད་མ་དངུལ་སྒོར་ཁྲི49རག་ཡོད་པ་རེད། 2020ལོར་ཁོང་ཚོ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་ལ། ཚེ་རིང་དོན་གྲུབ་ཀྱིས“མི་རབས་རྒན་པའི་ལག་ནས་རྒྱུན་འཛིན་བྱས་པའི་དངོས་པོ་དེ་ང་ཚོར་མཚོན་ན་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས་ང་ཚོ་ན་གཞོན་པ་དང་མི་རབས་རྗེས་མ་རྣམས་ཀྱིས་རྒྱུན་འཛིན་བྱེད་ངེས་ཟེར།”

རྡོ་རྗེ་ཚེ་རིང་གིས་ཡུལ་དངོས་ནས་སྣམ་བུ་བཟོ་སྟངས་ཀྱི་བརྒྱུད་རིམ་འཁྲབ་སྟོན་བྱས་པ་དང་ད་ལོ་ཐོན་རྫས་འཁྱེར་ནས་འགྲེམས་སྟོན་ནང་ཞུགས་ཐེངས་གཉིས་པ་ཡིན་ཟེར། ཁོང་གིས“ན་ནིང་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སྟེང་ཞུགས་རྗེས་ངའི་ཐོན་རྫས་ཀྱི་ཐབས་ལམ་རྒྱ་ཆེར་ཕྱིན་པ་དང་མངགས་ཐོ་མང་དུ་ཕྱིན་སོང་ཟེར། རྡོ་རྗེ་ཚེ་རིང་ཀྱི་སྣམ་བུའི་ཐོན་རྫས་ནི་མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་བཟོ་རྩལ་ལས་གྲུབ་པའི་སྣང་སའི་སྣམ་བུ་ཐོག་མ་དེ་ཡིན་པ་དང་སྣམ་བུ་ནི་བལ་གྱིས་འཐག་པའི་བལ་རས་ངོ་མ་རེད།

བོད་པ་ཚོས་སྣམ་བུས་སྟོད་ཐུང་དང་ཕྱུ་པ། བོད་བཟོའི་ཞྭ་མོ། བོད་ལྷམ་སོགས་བཟོ་བཞིན་ཡོད་པ་དང་། བལ་འཐག་ཐོན་རྫས་འདི་དག་སྲོལ་རྒྱུན་གྱི་ལག་ཤེས་རས་འཐག་ནང་རྐྱེན་ལས་གྲུབ། རྡོ་རྗེ་ཚེ་རིང་གིས“ངས་མ་གཞི་ནས་ཐོན་རྫས་ཀྱི་སྤུས་ཚད་ཚོད་འཛིན་བྱེད་ཀྱིན་ཡོད་ལ། གཡང་དཀར་ལུག་ཚང་མ་བོད་ནས་གསོ་ཚགས་བྱེད་བཞིན་ཡོད་སྟབས་བལ་གྱི་སྤུས་ཚད་བདེ་འཇགས་ཡིན་པ་དང་། བལ་གྱི་རྒྱུ་སྤུས་ཇི་ལྟར་བཟང་ན་དྲོད་སྲུང་དེ་ལྟར་བྱེད་ཐུབ་ཟེར།”