2021ལོའི་ཞིང་ཆེན་ཡོངས་ཀྱི་འཕང་འབྲས་འཐོག་པའི་ངལ་རྩོལ་སྦྲེལ་མཐུད་ཚོང་གཏམ་གྲོས་ཚོགས་བདེ་བླག་ངང་བསྡུས།
2021.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཉེ་ལམ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱི་ཏུའུ་ལན་རྫོང་ནས་མཉམ་དུ་ཏང་གི་ལོ་བརྒྱའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བ་དང་འཕང་འབྲས་ཀྱི་ངལ་རྩོལ་ཚོང་རྟགས་མིང་གྲགས་ཅན་དྲིལ་སྒྲོག་བྱས་ནས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་རོགས་འདེགས་བྱེད་པ་བརྗོད་དོན་དུ་བྱས་པའི2021ལོའི་ཞིང་ཆེན་ཡོངས་ཀྱི་འཕང་འབྲས་འཐོག་པའི་ངལ་རྩོལ་སྦྲེལ་མཐུད་ཚོང་གཏམ་གྲོས་ཚོགས་བསྡུས། ཞིང་ཆེན་ནང་ཁུལ་གྱི་ངལ་རྩོལ་ཀུང་ཟི་དང་ངལ་རྩོལ་དཔལ་འབྱོར་མི་སྣའི་འཐུས་ཚབ་པ། མཚོ་ནུབ་ཁུལ་འཕང་འབྲས་འདེབས་གསོ་ཁེ་ལས། ཞིང་ཁྱིམ་བཅས་ཀྱི་མི་བརྒྱ་དང་ལྔ་བཅུ་ཚོང་གཏམ་བྱ་འགུལ་ལ་ཞུགས།

ཉིན་དེར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་མཉམ་དུ་འཕང་འབྲས་འཐོག་པའི་ངལ་རྩོལ་མི་བཀོལ་དྲིལ་སྒྲོག་རྒྱུ་ཆས་སྟོང་གཉིས་དང་ལྔ་བརྒྱ་ལྷག་བྱིན་པ་དང་། མི་ཤུགས་ཐོན་ཁུངས་ཞབས་ཞུ་ཁེ་ལས་བཅུ་དགུ་དང་ངལ་རྩོལ་བར་ཁེ་བ། མཚོ་ནུབ་ཁུལ་གྱི་འཕང་འབྲས་འདེབས་གསོ་ཁེ་ལས་བཅུ་དྲུག འདེབས་གསོ་ཁྱིམ་ཚང་བཅས་ཀྱིས་ཡུལ་དངོས་ནས་ངལ་རྩོལ་མི་བཀོལ་གྲོས་མཐུན་བཀོད་དེ། ཐོག་མར་མཚོ་ནུབ་ཁུལ་ལ་འཕང་འབྲས་འཐོག་པའི་ངལ་རྩོལ་པ་སྟོང་བདུན་དྲུག་བརྒྱ་ལྷག་མངག་རྒྱུ་གཏན་ཁེལ་བྱས། དེའི་སྐབས་སུ། ད་དུང་གྲོས་ཚོགས་ལ་ཞུགས་པའི་མི་ཤུགས་ཐོན་ཁུངས་ཁེ་ལས་དང་ངལ་རྩོལ་བར་ཁེ་བ་རྩ་འཛུགས་བྱས་ནས་ཏུའུ་ལན་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་ར་བ་དང་ཏུའུ་ལན་རྫོང་ཏ་མའོ་འཕང་འབྲས་ཚད་ཡོད་ཀུང་ཟི་རུ་སོང་ནས་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། མིག་སྔའི་འཕང་འབྲས་ཐོན་ཚད་དང་འཕང་འབྲས་འཐོག་པའི་ངལ་རྩོལ་མི་སྣ་ཟླ་ཕོགས་དང་ཐོན་སྐྱེད་འཚོ་བའི་ཁོར་ཡུག་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ས་ཆ་སོ་སོས་མཁར་གྲོང་གི་ངལ་རྩོལ་པ་མཚོ་ནུབ་ཏུ་མངག་སྟེ་འཕང་འབྲས་འཐོག་པའི་བྱ་འགུལ་སྤེལ་བའི་རྨང་གཞི་བརྟན་པོ་བཏིངས།

ཐེངས་འདིའི་འཕང་འབྲས་འཐོག་པའི་ངལ་རྩོལ་སྦྲེལ་མཐུད་ཚོང་གཏམ་གྲོས་ཚོགས་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཀྱི་བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་པའི་ལག་ལེན་བྱ་འགུལ་གྱི་བྱེད་ཐབས་གལ་ཆེན་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ལས་ཞུགས་གཏན་འཇགས་དང་ལས་ཞུགས་ལ་འགན་སྲུང་བྱེད་པའི་རེ་བ་ཡིན་པ་དང་། རང་འགུལ་གྱིས་སྦྲེལ་མཐུད་བྱེད་པ་དང་ཞབས་ཞུ་ལ་ཤུགས་སྣོན་པ། ཁུལ་ནང་དུ་རྩ་འཛུགས་བྱེད་པ་དང་ཁུལ་ཕྱི་རུ་ངལ་རྩོལ་པ་མངགས་པ་གཉིས་ཁ་གསབ་བྱེད་པ། སྲིད་གཞུང་གིས་སྟེགས་བུ་བཙུགས་ནས་ཚོང་ར་འཁོར་རྒྱུག་དང་མཉམ་འབྲེལ་བྱེད་པ། ངལ་རྩོལ་པ་ཕྱིར་བཏང་ནས་ལས་ཞུགས་བྱེད་པ་དང་ཡོང་སྒོ་ཇེ་མང་དུ་གཏོང་བའི་གསར་གཏོད་བྱེད་ཐབས་ཀྱང་ཡིན། 

རིན་ཆེན་མཚོས་བསྒྱུར།