རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་འཚོ་བར་དཀའ་ངལ་ཆེ་བའི་རོང་འབྲོག་མང་ཚོགས་དབུལ་ཕོངས་ལས་ཡོངས་སུ་ཐར་རྒྱུའི་དམིགས་འབེན་དུས་ལྟར་ཡོངས་འགྲུབ་བྱ་ཆེད་དང་ཡུལ་ཕྱོགས་གཅིག་གི་རི་ཆུས་ཡུལ་ཕྱོགས་གཅིག་གི་མང་ཚོགས་ཀྱི་ཁ་རྒྱབ་མི་སོས་པའི་གནད་དོན་ཐག་གཅོད་བྱ་ཆེད། དབུལ་ཕོངས་མང་ཚོགས་ས་ངན་ཡུལ་ངན་ནས་གཞི་སྤོར་བ་དང་གཞི་གསར་བ་རུ་ཐོན་ལས་གསར་དུ་སྤེལ་རྒྱུ་དེ་དབུལ་སེལ་གྱི་བྱེད་སྟངས་གཙོ་བོར་བཟུང་ནས། རང་བྱུང་ཆ་རྐྱེན་ཞན་པའི་གནས་རྙིང་ནས་གཞི་སྤོར་ཐུབ་པ་དང་། སྤར་ནས་ཡུལ་གསར་བ་རུ་རྐང་ཚུགས་ཐུབ་པ། རིམ་གྱིས་ཕྱུག་པོར་འགྱུར་ཐུབ་པའི་དབུལ་སེལ་དམིགས་འབེན་བཀོད་པ་དང་དབུལ་སེལ་གྱི་རིག་ལམ་དེ་འབད་པ་ཆེན་པོས་ལག་ལེན་དུ་བསྟར་ཅི་ཐུབ་བྱས། དབུལ་སེལ་དམིགས་འབེན་དེ་དངོས་སུ་འགྲུབ་པར་བྱེད་ཆེད། གཅན་ཚ་རྫོང་གིས་རྨ་ཆུའི་འགྲམ་དུ་གནམ་གཤིས་དྲོད་གྲང་སྙོམ་པ་དང་འགྲིམ་འགྲུལ་བདེ་བ། ཁོར་ཡུག་ཡག་པ་སོགས་ཀྱི་དགེ་མཚན་བེད་སྤྱད་དེ། མ་དངུལ་མང་དུ་བཏང་ནས་དབུལ་ཁྱིམ་གྱི་ཁང་བ་དང་བཅས་པའི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་གསར་དུ་འཛུགས་སྐྲུན་བྱས་ནས་ཐོག་མའི་རྣམ་པ་ཆགས་ཤིང་། གནས་སྐོར་ལས་རིགས་དང་ཞབས་ཕྱིའི་ལས་རིགས་ཟུང་དུ་འབྲེལ་བའི་ཐབས་ཀྱིས་དབུལ་སེལ་ཐོན་ལས་གསར་དུ་སྤེལ་བའི་དབུལ་སེལ་གྱི་རྣམ་པ་ཞིག་བཏོད་དེ། རང་བྱུང་ཆ་རྐྱེན་ཁོ་ནར་བརྟེན་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་དེ་གནས་སྐོར་ཞབས་ཕྱིའི་ཕྱོགས་ལ་འཁོར་འགོ་བརྩམས་པ་རེད། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རྡོ་བྷ་རྒྱལ་གྱིས་བཤད་རྒྱུར།
སྒྲ། ༼ གཅན་ཚ་རྫོང་ལ་ཞང་གྲོང་དགུ་ཡོད་ཅིང་། མང་ཆེ་ཤོས་རི་མ་ས་ཁུལ་ན་ཡོད་ལ། རི་མཐོ་ཞིང་ལུང་བ་མང་བ། ས་གཤིས་ཁོད་མི་སྙོམས་པ། རང་བྱུང་གི་ཆ་རྐྱེན་ཞན་སྟབས། ༢༠༡༦ལོ་ནས་བཟུང་བདེ་སྐྱིད་སྡེ་བའི་གནས་སྤོ་ཡི་ལས་གཞི་ལག་བསྟར་བྱེད་འགོ་བརྩམས། ༢༠༡༧ལོར་ཞིང་གྲོང་བདུན་གྱི་ཁྱིམ་ཚང་ཉིས་བརྒྱ་ང་གཅིག་གི་མི་གྲངས་དགུ་བརྒྱ་དང་ཞེ་དྲུག་གནས་སྤར་ཏེ་བདེ་སྐྱིད་སྡེ་བ་འདིར་གཞིས་ཆགས་ཡོད། འདིའི་དམིགས་ཡུལ་ནི་སློབ་གྲྭ་དང་སྨན་ཁང་སོགས་ཆ་རྐྱེན་མི་ལེགས་པའི་མང་ཚོགས་རྣམས་འགྲིམ་འགྲུལ་སྟབས་བདེ་བ་དང་ཁ་དབུགས་གཙང་བའི་རྨ་ཆུའི་འགྲམ་རྒྱུད་དུ་གནས་སྤར་ཏེ་ཡོང་སྒོ་འཕར་སྣོན་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་པར་མཐུན་རྐྱེན་བསྐྲུན་རྒྱུ་དེ་ཡིན། འདི་ལག་བསྟར་བྱེད་པའི་ཁྲོད་དུ་གཙོ་བོ་ཆུ་བེད་དང་ཡུལ་སྐོར་ལྗོངས་རྒྱུ། འགྲིམ་འགྲུལ། དབུལ་སྐྱོར། སྡོད་ཁང་འཛུགས་སྐྲུན་སོགས་ཡིན་ལ། སྡེ་ཁག་སོ་སོས་མཉམ་འབྲེལ་སྒོས་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་བདུན་འབུམ་བདུན་ཁྲི་གཅིག་ལྷག་བཏང་སྟེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མདའ་རྩེད་རིག་གནས་དང་དམངས་སྲོལ་རིག་གནས། རྨ་ཆུའི་རིག་གནས་སོགས་རིག་གནས་སྣ་མང་འཛོམས་པའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་ལས་གཞི་ལག་བསྟར་བྱས་པར་མ་ཟད། དམངས་སྲོལ་ར་བ་དང་ཆུ་ཐོག་གི་ལྟ་སྐོར་སོགས་ཐོན་ལས་སྣ་མང་སྤེལ་ནས་གནས་སྤོར་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱས་ཡོད། སྔོན་ཆད་གནས་མ་སྤར་གོང་མི་རེའི་ལོ་རེའི་ཡོང་སྒོ་སྒོར་སུམ་སྟོང་བརྒྱད་བརྒྱ་ལྷག་ཡིན་ལ། ད་ལྟ་བདེ་སྐྱིད་སྡེ་བའི་མི་རེའི་ལོ་རེའི་ཡོང་སྒོ་སྒོར་ཆིག་ཁྲི་ཉིས་སྟོང་དགུ་བརྒྱ་ལྷག་ཡིན་ཞིང་། བདེ་སྐྱིད་སྡེ་བ་ནི་ཐོན་ལས་དར་ས་དང་ཁོར་ཡུག་ཡག་པ། མི་དམངས་ཀྱི་སྤྱོད་པ་བཟང་བ། འཚོ་བ་ཕྱུག་པའི་སྡེ་བ་ཞིག་ཏུ་ཆགས་ཡོད། ༽
གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རྡོ་བྷ་རྒྱལ་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་བདེ་སྐྱིད་སྡེ་བ་ནི་རྨ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཆགས་ཤིང་། སྡེ་བའི་སྒོ་ཆེན་ནས་ནང་དུ་འཛུལ་མ་ཐག་སྡེ་བའི་ནང་དུ་སྣུམ་ལམ་འགྲུབ་ཡོད་པ་དང་། དམངས་ཀྱི་འདུག་ཁང་གི་ཕྱི་ར་ཡོད་ཚད་སོ་ཕག་གིས་གྲུབ་འདུག ཁང་བ་ཚང་མར་བོད་ཀྱི་ཁྱད་ཆོས་ལྡན་པར་གཅིག་གྱུར་སྒོས་འཛུགས་སྐྲུན་བྱས་ཤིང་། སྡེ་བའི་མདུན་ཕྱོགས་སུ་གྲལ་དག་པའི་འདུག་ཁང་དང་སྔོ་ཞིང་དྭངས་པའི་རྨ་ཆུ། སྤྲོ་གསེང་ལྟ་སྐོར་བྱེད་སའི་སྒྲིག་ཆས། རྨ་འགྲམ་གྱི་བྱེ་ཐང་བཅས་མཛེས་ཤིང་ཉམས་དགའ་བའི་ཡུལ་ལྗོངས་ཤིག་མིག་ལམ་དུ་མངོན་འོང་།སྡེ་བ་འདིའི་ཞིང་བའི་སྤྲོ་སྐྱིད་ཁང་དུ་ཁམས་གཡེང་བྱེད་ས་དང་། ཟས་རིགས་ཐང་ཆེན་དུ་ཟས་རིགས་སྣ་ཚོགས་ཀྱི་བྲོ་བ་མྱོང་ས། རྨ་འགྲམ་བྱེ་ཐང་དུ་ངལ་གསོས་ཏེ་རྨ་ཆུའི་མཛེས་ལྗོངས་ལ་རོལ་ས། གྲུ་ལ་བསྡད་ནས་རྨ་ཆུར་སྐོར་བ་རྒྱག་ས། ལྕགས་རྟར་ཞོན་ནས་གྲོང་གསེབ་ཏུ་ཉུལ་ས་སོགས་ཧ་ཅང་མང་པོ་འདུག གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་ཡུལ་གཙོ་གཞོན་པ་ནོར་བཟང་གིས་བཤད་རྒྱུར། སྒྲ། ༼ མང་ཚོགས་རྣམས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཆེད། ང་ཚོས་གཤམ་གྱི་ཐོན་ལས་རྣམ་པ་བཞི་ལག་བསྟར་བྱས་པ་ཡིན། དང་པོ་ཡུལ་སྐོར་རིག་གནས་ཐོན་ལས་ཀྱི་ཕྱོགས་ནས། དམངས་སྲོལ་རིག་གནས་དང་རྨ་ཆུའི་རིག་གནས། ཞིང་ལས་རིག་གནས་སོགས་གཙོ་བྱས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁང་བ་ཉིས་བརྒྱ་ང་གཅིག་དང་། གྲུ་ཁ། ཟས་རིགས་ཐང་ཆེན། སྤྲོ་སྐྱིད་གླིང་སོགས་འཛུགས་སྐྲུན་བྱས་ཏེ་མང་ཚོགས་རྣམས་ཀྱིས་མཛེས་སྡུག་གི་རི་ཆུ་དང་མཛེས་སྡུག་གི་ཁོར་ཡུག་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱེད་པར་རྨང་གཞི་བཏིངས་ཡོད། གཉིས་པ་ཁྱད་ལྡན་ཞིང་ལས་ཀྱི་ཐད་ནས་གཙོ་བོ་སྡོང་ཕྲུག་དང་བོད་ཇ་གཙོ་བོ་ཡིན་པའི་སྡེ་བའི་མཉམ་ལས་ཁང་བཙུགས་ཏེ་སྡེ་བ་སྤྱི་དང་མང་ཚོགས་རེ་རེའི་ཡོང་འབབ་འཕར་སྣོན་བྱས་ཡོད། གསུམ་པ་འོད་ནུས་ཐོན་ལས་ཀྱི་ཐད་ཉི་འོད་ཀྱི་ནུས་ཤུགས་བེད་སྤྱད་དེ་ཁྱིམ་ཚང་རེའི་ཁང་ཀླད་ལ་ཉི་འོད་ནུས་པའི་ཤེལ་ལེབ་བཞག་པས་ཁྱིས་ཚང་རེའི་ལོ་རེའི་ཡོང་སྒོ་སྒོར་བཞི་སྟོང་ནས་ལྔ་སྟོང་དང་སྡེ་བ་སྤྱིའི་ལོ་རེའི་ཡོང་སྒོ་སྒོར་ས་ཡ་གཅིག་ལ་སླེབས་ཡོད། བཞི་པ་ལས་ཞུགས་ཀྱི་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་སྐོར་གསར་སྤེལ། སྤྱི་ཚོགས་བཅོས་སྐྱོང་སོགས་ཐད་དུ་མི་གྲངས་སུམ་བརྒྱ་ང་གཉིས་ལ་ལས་ཞུགས་བཀོད་སྒྲིག་བྱས་ཡོད། ༽
གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་ཡུལ་གཙོ་གཞོན་པ་ནོར་བཟང་གིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
གསར་དུ་ཆགས་པའི་བདེ་སྐྱིད་སྡེ་བ་ནི་མ་གཞི་གཅན་ཚ་རྫོང་གི་གྲོང་རྡལ་གཉིས་དང་ཡུལ་ཚོ་ལྔ་ཡི་དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་དང་ང་གཅིག་གི་མི་གྲངས་དགུ་བརྒྱ་དང་ཞེ་དྲུག་གནས་གསར་འདིར་གཞི་སྤར་ཏེ་ཆགས་པ་ཞིག་རེད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དགུ་པར་རྒྱལ་ཁབ་ཀྱིས་གནས་སྤོར་གཞིས་གསར་འདི་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། འཛུགས་སྐྲུན་ལ་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་བདུན་འབུམ་བདུན་ཁྲི་གཅིག་ལྷག་བཏང་སྟེ་ཉིས་སྟོང་བཅོ་བརྒྱད་ལོར་ཡོངས་འགྲུབ་བྱས། བདེ་སྐྱིད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཤ་བོ་དོན་གྲུབ་ཀྱིས་བཤད་རྒྱུར། སྒྲ། ༼ སྔོན་ཆད་ང་ཚོ་རི་མ་ས་ཁུལ་ན་ཡོད་དུས་ཆུ་གློག་ལམ་གསུམ་སོགས་ཕྱོགས་གང་ཐད་ནས་ཀྱང་དེ་འདྲ་སྟབས་བདེ་མིན། བདེ་སྐྱིད་སྡེ་བར་གནས་སྤར་བ་ནས་བཟུང་མཉམ་ལས་ཁང་དང་སྤྲོ་སྐྱིད་གླིང་སོགས་འཛུགས་སྐྲུན་བྱས་པས་འཚོ་བ་ཇེ་བཟང་ཇེ་ལེགས་སུ་ཕྱིན་ཡོད། ༽
བདེ་སྐྱིད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཤ་བོ་དོན་གྲུབ་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
བདེ་སྐྱིད་སྡེ་བའི་ཁྱིམ་ཚང་རེ་རེའི་ཁང་བའི་ཆེ་ཆུང་ལ་སྨི་གྲུ་བཞི་མ་བརྒྱད་ཅུ་ཡོད་ལ། ཁང་བའི་ནང་རྒྱན་དང་ཕྱི་མཁར་གྱིས་མཚོན་པའི་འཛུགས་སྐྲུན་ཡོད་ཚད་སྤུས་ཀ་བཟང་ཞིང་། ཁྱིམ་ཚང་རེ་རེར་སྐུད་མེད་དྲ་རྒྱ་དང་ཆུ་གློག་ལམ་གསུམ། བཙོག་ཆུ་ཕྱིར་འདོན་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་བར་མ་ཟད། སྤྲོ་སྐྱིད་གླིང་སོགས་གནས་སྐོར་ཞབས་ཕྱིའི་ཐོན་ལས་གཙོ་བོར་གཉེར་ནས་ཁྱིམ་ཚང་མང་ཆེ་བའི་ཟླ་རེའི་ཡོང་སྒོ་སྒོར་སྟོང་ལྔ་ནས་སྟོང་དྲུག་ཡས་མས་སུ་སླེབས་འདུག སྤྲོ་སྐྱིད་གླིང་གི་སྦྱིན་བདག་ནོར་སྦྱིན་མཚོ་ཡིས་བཤད་རྒྱུར། སྒྲ། ༼ ༢༠༡༧ལོར་རི་མ་ས་ཁུལ་ནས་གནས་སྤར་ཏེ་བདེ་སྐྱིད་སྡེ་བ་འདིར་ཡོང་བ་ཡིན། ༢༠༡༨ལོར་སྤྲོ་སྐྱིད་གླིང་འདི་ཕྱེས་ཤིང་། གློག་ཆས་ཆ་ཚང་རྒྱལ་ཁབ་ཀྱིས་བྱིན་པ་ཡིན། སྤྲོ་སྐྱིད་གླིང་འདིའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གསུམ་ནས་བཞི་ཡིན་ལ། ད་ལོར་སྒོར་ཁྲི་དྲུག་གི་ཡོང་འབབ་རེག་ཟིན། ༽ བདེ་སྐྱིད་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ནོར་སྦྱིན་མཚོ་ཡིས་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་བཞིན་འདི་ལྟར་དགའ་བའི་གླུ་ཞིག་ཀྱང་བླངས་བྱུང་།
བདེ་སྐྱིད་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ནོར་སྦྱིན་མཚོ་ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
བདེ་སྐྱིད་སྡེ་བ་འདིའི་ཁྱིམ་ཚང་ཉིས་བརྒྱ་ང་གཅིག་ཡོད་པ་ཚང་མ་ནི་ནོར་སྦྱིན་མཚོ་ཚང་དང་འདྲ་བར་སྔོན་ཆད་དབུལ་ཕོངས་ཁྱིམ་ཚང་ཡིན། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་བཟང་བོའི་དྲིན་ལ་མོ་ཚང་ལྟ་བུའི་དབུལ་ཁྱིམ་མང་པོ་ཞིག་བདེ་སྐྱིད་སྡེ་བ་འདི་ལ་གནས་སྤར་ཞིང་། ལས་ཚེགས་ཆེ་བའི་སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པ་བསྐྱུར་ནས་གནས་སྐོར་ཞབས་ཕྱིའི་ལས་ལ་ཞུགས་པ་རེད།
གཞིས་གསར་འདིར་གནས་སྤར་བའི་ཁྱིམ་ཚང་ཉིས་བརྒྱ་དང་ང་གཅིག་གི་ནང་དུ་ཡིག་ཚགས་བཙུགས་ཤིང་བྱང་བུ་བཟོས་པའི་ཁྱིམ་ཚང་ཉིས་བརྒྱ་ཉེར་དྲུག་དང་། མི་གྲངས་བརྒྱད་བརྒྱ་དང་རེ་དྲུག་ཡོད། སྤྲོ་སྐྱིད་གླིང་གི་སྦྱིན་བདག་སྒྲོལ་མ་ཐར་ཚང་ཡང་དེ་དག་གྲས་ཀྱི་གཅིག་རེད། ཁོ་ཚང་བདེ་སྐྱིད་སྡེ་བར་གནས་མ་སྤར་ཡར་སྔོན་ལ་གཅན་ཚ་ཐང་ཡུལ་ཚོའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན། སྔོན་ཆད་ཁོ་ཚང་གི་འཚོ་བའི་ཡོང་འབབ་ཀྱི་བརྟེན་ས་གཙོ་བོ་ཕྱུགས་ལས་རྐྱང་བ་ཡིན་ལ། སྒོ་ཟོག་ཀྱང་མང་པོ་མེད་པའི་ཁར་ཆུ་གློག་ལམ་གསུམ་སོགས་ཕྱོགས་གང་གི་ཆ་ནས་ཀྱང་སྟབས་བདེ་མིན་པས་འཚོ་བར་དཀའ་ཁག་ཆེ། གཅན་ཚ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ། ཉིས་སྟོང་བཅུ་བདུན་ལོར་ཁོ་ཚང་བདེ་སྐྱིད་སྡེ་བར་གནས་སྤར་ཏེ་ཞིང་བའི་སྤྲོ་སྐྱིད་གླིང་གཉེར་བས་ཁྱིམ་ཚང་གི་ཡོང་འབབ་ཀྱང་སྔོན་དང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་མང་དུ་ཕྱིན་པར་མ་ཟད། རང་གི་བྱིས་པ་སློབ་གྲྭར་སྐྱེལ་རྒྱུའང་སྟབས་བདེ་བྱུང་འདུག ཟོག་རྫིར་འགྲོ་མི་དགོས་ཤིང་ཆར་རླུང་གྲང་འཁྱག་གི་དཀའ་སྡུག་མྱོང་མི་དགོས་པའི་འཚོ་བ་གསར་བ་དང་ཡོང་འབབ་བཅས་ལ། ཁོ་བཟའ་ཟླ་གཉིས་ཀའི་བློ་སེམས་ཚིམས་ཡོད། སྒྲ། ༼ སྔོན་ཆད་འཚོ་བའི་ཡོང་འབབ་ཕྱུགས་ལས་རྐྱང་བར་བརྟེན་ཡོད་པས་ཆ་རྐྱེན་ཡང་དེ་འདྲ་མི་ལེགས། ཆུ་གློག་ལམ་གསུམ་དང་སྨན་ཁང་ལ་འགྲོ་བར་ཡང་སྟབས་བདེ་མིན། ༢༠༡༧ལོའི་ཟླ་༡༠བར་བདེ་སྐྱིད་སྡེ་བར་གནས་སྤར་ཞིང་སྤྲོ་སྐྱིང་གླིང་འདི་ཕྱེས་པ་ཡིན་ལ། རྒྱལ་ཁབ་ཀྱིས་རོགས་རམ་བྱས་ནས་ཟ་མ་གཡོས་སྦྱོར་སོགས་གསབ་སྦྱོང་བྱས་པས་འགྲུལ་བ་སྣེ་ལེན་བྱེད་པར་ཡང་མཐུན་རྐྱེན་མང་པོ་བསྐྲུན་པར་མ་ཟད་ཡོང་འབབ་ཀྱང་འཕར་སྣོན་བྱུང་ཡོད། ༽
སྤྲོ་སྐྱིད་གླིང་གི་སྦྱིན་བདག་སྒྲོལ་མ་ཐར་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
བདེ་སྐྱིད་སྡེ་བའི་མིང་འདི་ནི་བཀྲ་ཤིས་སྨོན་འདུན་མཚོན་པའི་མིང་ཞིག་ཡིན་ཏེ།བོད་རིགས་དབུལ་ཕོངས་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ་བའི་བསམ་པ་མཚོན་པ་དང་།ཏང་གི་སྲིད་ཇུས་བཟང་བོའི་དྲོད་ཁོལ་འོག་ཏུ་བོད་རིགས་མང་ཚོགས་བདེ་སྐྱིད་འཚོ་བའི་དཔལ་ལ་རོལ་བཞིན་པའི་ངང་ཚུལ་མཚོན་པར་བྱེད་ཆེད།བདེ་སྐྱིད་སྡེ་བ་ཞེས་མིང་དེ་ལྟར་བཏགས་པ་ཡིན། ད་ལྟ། བདེ་སྐྱིད་སྡེ་བ་ནི་ཡུལ་སྐོར་བ་མང་པོའི་མིག་ནང་གི་གནས་མཆོག་ཅིག་ཏུ་གྱུར་ཡོད་ལ།གཅན་ཚ་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་དཔེ་མཚོན་དང་གཅན་ཚ་རྫོང་གི་ཡུལ་སྐོར་མིང་བྱང་ལྟ་བུར་གྱུར་ཡོད།
གསར་འགོད་པ། ཤ་བོ་གསེར་མཚོ། རྟ་མགྲིན་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།