སྦྲེལ་ཐག་བཞིའི་ཐོན་ལས་རྣམ་པས་གྲོང་གསེབ་དར་སྤེལ་ཐད་རྨང་གཞི་བཏིངས།
2021.08.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 87

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མཁར་དང་བར་ཐག་སྤྱི་ལེ་བཅུ་གསུམ་ཡོད་པའི་ཆུ་ཤར་ཡུལ་ཚོའི་ཨ་སྐོང་སྡེ་བའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་གསུམ་དང་གྲངས་ཆུང་བདུན་ཡོད་པ་དང་། སྡེ་བ་ཡོངས་སུ་ཁྱིམ་ཚང་གྱ་བཞི་དང་མི་གྲངས་སུམ་བརྒྱ་ང་གསུམ་ཡོད་ལ། དེའི་ཁྲོད་གུང་ཁྲན་ཏང་ཡོན་སོ་གཅིག་ཡོད།

2015ལོའི་སྔོན་ལ་ཨ་སྐོང་སྡེ་བ་ནི་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་དམའ་ཞིང་།  དཔལ་འབྱོར་གྱི་ཡོང་འབབ་ཉུང་བའི་དབུལ་ཕོངས་སྡེ་བ་ཞིག་ཡིན།དབུལ་སྐྱོར་མཁྲེགས་གཏོར་ལག་བསྟར་བྱས་རྗེས་སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག “ཐུན་མོང་གི་ཐོན་ལས”བྱེད་ཐབས་ལག་བསྟར་དམ་འཛིན་བྱས་ཏེ། དམངས་ཡོངས་མཉམ་ཞུགས་སྒོས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། ཡུལ་ཚོ་ཡོངས་སུ་སྔོན་ལ་མཉམ་ལས་དཔལ་འབྱོར་རྣམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་། ཨ་སྐོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྒྲ། ༼   ང་ཚོ་སྡེ་བའི་མཉམ་ལས་ཁང་ནི་༢༠༡༨ལོར་བཙུགས་ཤིང་ཚོ་ཆུང་ལྔ་རུ་བགར་ཡོད་དེ། འཕྲུལ་འཁོར་དང་ཕྱུགས་ལས། ཞོར་ལས། འཚེམ་དྲུབ། ཐོན་རྫས་ལས་སྣོན་བཅས་ཡིན་ལ། གཙོ་བོ་ས་གནས་ཀྱི་ཁོར་ཡུག་ལ་བསྟུན་ནས་རང་ས་གནས་ཀྱི་ཁྱས་ཆོས་ལྡན་པའི་ཐོན་རྫས་ལས་སྣོན་བྱེད་པ་ཡིན།  ༽   

ཨ་སྐོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་བཀྲ་ཤིས་ཀྱིས་བཅར་འདྲི་དང་ལེན་བྱེད་ཀྱིན་པ།

2017ལོའི་ལོ་མཇུག་ཏུ་དབུལ་ཐར་མ་བྱས་གོང་སྡེ་བ་དེར་ཡིག་ཚགས་བཙུགས་ཤིང་བྱང་བུ་བཟོས་པའི་ཁྱིམ་ཚང་ཉེར་དྲུག་དང་མི་གྲངས་བརྒྱ་དང་དགུ་ཡོད། རྨང་གཞིའི་ཐོན་ལས་གཙོ་བོ་ཞིང་ཕྱུགས་ལས་ཡིན་པ་དང་། རྨོ་ཞིང་མུའུ་སྟོང་གཅིག་ལྔ་བརྒྱ་ཉེར་ལྔ་དང་རྩྭ་ར་མུའུ་ཁྲི་བདུན་དང་སྟོང་བཞི་ཡོད་ལ། ཕྱུགས་གྲངས་ལྔ་སྟོང་ཆིག་བརྒྱ་ཉི་ཤུ་ལྷག་ཡོད། 

སྒྲ།  ༼    ལོ་ལྔ་དྲུག་གི་སྔོན་བར་དུ་ངེད་ཚང་ལ་སྒོ་ཕྱིར་ཞོར་ལས་སུ་འགྲོ་ཐུབ་མཁན་མེད་པས་འཚོ་བའི་ཐད་དཀའ་ཁག་ཧ་ཅང་ཆེ། རྗེས་སུ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་དང་རོགས་རམ་ལ་བརྟེན་ནས་ནོར་འགའ་ཡང་ཉོས་ཤིང་། སྡེ་བའི་མཉམ་ལས་ཁང་ནང་དུ་ཞོར་ལས་ལས་ཆོག་པས་འཚོ་བ་ཉིན་རེ་ལས་ཉིན་རེར་ཡར་རྒྱས་དང་། འཚོ་བའི་ཡོང་སྒོ་དང་བྱིས་པའི་སློབ་གསོ་སོགས་ཀྱི་ཐད་ནས་ཀྱང་ཇེ་ལེགས་རེད། འདུག་ཁང་གི་ཐད་ལ་ཡང་རྒྱལ་ཁབ་ཀྱིས་རོགས་རམ་བྱས། ད་བར་ཆུ་གློག་ལམ་གསུམ་གང་གི་ཐད་ནས་ཀྱང་དཀའ་ཁག་ཅི་ཡང་མེད།  ༽

ཨ་སྐོང་སྡེ་བའི་སྡེ་མི་རྡོ་རྗེ་རྒྱལ་མཚན་གྱིས་རང་གི་ཁྱིམ་ཚང་གི་གནས་ཚུལ་བརྗོད་བཞིན་པ།

“ཏང་ཀྲི་པུའུ་དང་ཐོན་སྐྱེད་མཉམ་ལས་ཁང་། ཞིང་དུད”བཅས་མཉམ་འབྲེལ་གྱི་རྣམ་པ་སྤྱད་ནས། ཐོན་ལས་ལས་བགོས་ལྟར་ཞིང་ལས་ཐོན་སྐྱེད་དང་ཕྱུགས་ལས་ཐོན་སྐྱེད། ཞིང་བའི་འཕྲུལ་ཆས་ཞབས་ཞུ། མི་རིགས་ཀྱི་ལག་ཤེས་བཟོ་ལས། ངལ་རྩོལ་ཕྱིར་གཏོང་བཅས་ཀྱི་ཐོན་སྐྱེད་ཚན་ཆུང་ལྔ་བཙུགས་ཤིང་། ཐོན་སྐྱེད་ཚན་ཆུང་རེ་ལ་ཏང་འཛུགས་ཚན་ཆུང་རེ་དང་། ཀྲི་པུའུ་ཏང་ཡོན་རྣམས་ལ་ཚན་ཆུང་སོ་སོའི་འགོ་ཁྲིད་ཀྱི་འགན་ཁུར་ཏུ་བཅུག་སྟེ། འདེབས་འཛུགས་ལས་སྣོན་དང་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར། ཞིང་ལས་འཕྲུལ་ཆས་ཞབས་ཞུ། ངལ་རྩོལ་ཕྱིར་གཏོང་། མི་རིགས་ཀྱི་འཚེམ་དྲུབ་བཅས་ཐོན་ལས་ཆེན་པོ་ལྔ་འཕེལ་རྒྱས་སུ་བཏང་། ཨ་སྐོང་སྡེ་བའི་ཀྲི་པུའུ་ཨུ་ཡོན་ནམ་མཁའ་རྒྱལ་གྱིས་བཤད་རྒྱུར། སྒྲ། ༼    སྔོན་ཆད་ང་ཚོ་སྡེ་བ་འདི་རི་མ་རི་ནག་ཡིན་པས་གྲོ་དང་ནས་སོགས་བཏབ་ཚེ་ལོ་ལེགས་མི་ཡོང་། སྡེ་བའི་ཡོང་སྒོ་ཡང་ཧ་ཅང་ཞན་པས། ༢༠༡༧ལོའི་ལོ་མཇུག་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གྲོས་སྡུར་བྱས་ཤིང་། ༢༠༡༨ལོ་ནས་བཟུང་སྲད་དཀར་མུའུ་བརྒྱ་དང་ཀླུ་བདུད་རྡོ་རྗེ་མུའུ་བརྒྱ་བཏབ་ནས་ད་བར་དུ་ཚོད་ལྟ་བྱས་པ་ཡིན། འདི་གཉིས་བསྡུར་ན་སྲད་དཀར་གྱི་ཡོང་སྒོ་ཧ་ཅང་བཟང་དང་། ཕལ་ཆེར་མུའུ་གཅིག་གི་ཡོང་སྒོ་ཉིས་སྟོང་བཞི་བརྒྱ་ནས་ཉིས་སྟོང་བདུན་བརྒྱ་ཡོད་པས། ད་ལོར་སྲད་དཀར་མུའུ་བཞི་བརྒྱ་བཏབ་ཡོད། ད་ལོའི་སྤྱི་ཟླ་དགུ་བར་སྲད་དཀར་འདི་སློག་ནས་ལས་སྣོན་བྱས་ཏེ་ཡོང་སྒོ་སྤྱི་སྡོམ་བྱས་རྗེས་མང་ཚོགས་ལ་བགོ་བཤའ་བརྒྱག་དགོས།  ༽ 

ཨ་སྐོང་སྡེ་བའི་ཀྲི་པུའུ་ཨུ་ཡོན་ནམ་མཁའ་རྒྱལ་གྱིས་རང་སྡེ་བའི་ཐོན་ལས་རྣམ་པ་བཞི་ངོ་སྤྲོད་བྱེད་བཞིན་པ།

ཞིང་ལས་ཐོན་སྐྱེད་ཐད། ས་མུའུ་བཞི་བརྒྱ་ཉི་ཤུའི་སྟེང་སྲད་དཀར་དང་བདུད་འདུལ་རྡོ་རྗེ་སོགས་ཀྲུང་བོད་སྨན་རྫས་འདེབས་འཛུགས་བྱས་པ་དེས།  ད་ཆ་ཁྲོམ་རའི་རིན་གོང་བརྟན་སྲུང་དང་ཚོད་དཔག་བྱས་ན་ད་ལོའི་ཆ་སྙོམས་ཡོང་འབབ་སྒོར་ས་ཡ་གཉིས་དང་འབུམ་ལྔར་འཕར་སྣོན་བྱུང་སྟེ། མི་རེའི་ཆ་སྙོམས་ཡོ་སྒོ་སྒོར་སུམ་སྟོང་བརྒྱད་བརྒྱ་གོ་ལྔ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་རྐྱང་བ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཉིས་ཟིན་རྒྱུ་རེད། ཀྲུང་དབྱང་ནོར་སྲིད་ནས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་འབུམ་ལྔ་བཏང་སྟེ། རྒྱ་ཁྱོན་སྨི་གྲུ་བཞི་མ་སུམ་བརྒྱ་བདུན་ཅུ་ཅན་གྱི་དབུལ་སྐྱོར་ཐོན་ལས་འཁོར་ཁང་འཛུགས་སྐྲུན་བྱས་ནས་སྨན་རྫས་ལས་སྣོན་དང་སྐུད་ཐོག་སྐུད་འོག་གི་ཕྱིར་འཚོང་རྒྱ་བསྐྱེད་བྱས་པ་དང་། དེ་མིན་ཞིང་སྐྱོར་མ་དངུལ་སྒོར་འབུམ་གསུམ་དང་ཁྲི་ལྔ་སྟོང་གཅིག་དྲུག་བརྒྱ་བརྩོན་ལེན་བྱས་ཏེ། རྒྱ་ཁྱོན་སྨི་གྲུ་བཞི་མ་བརྒྱ་དང་ཉི་ཤུ་ཅན་གྱི་སྣུམ་འཚག་འཁོར་ཁང་བསྐྲུན་ནས་བཟའ་སྣུམ་ཐོན་སྐྱེད་བྱས་པ་ཐད་ཀར་ཁྲི་ཀ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ། དེ་མིན་སློབ་གྲྭའི་ཟ་ཁང་དང་སིལ་འཚོང་ཚོང་ཁང་བཅས་སུ་མཁོ་སྤྲོད་བྱས་པས། ཞིང་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་ཕྱིན་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་ཡོད། 

ཕྱུགས་ལས་ཐོན་སྐྱེད་ཐད། རྩྭ་ས་བདག་འཛིན་བྱས་ཏེ་གོ་རིམ་མེད་པར་ཕྱུགས་འཚོ་བའམ་གྲོང་སྡེའི་མི་ཕྱུགས་མཉམ་སྡོད་བྱེད་པ། ཁོར་ཡུག་སྦག་བཙོག་བཟོ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཆེད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་མང་ཚོགས་སྐུལ་སློང་བྱས་ཏེ་རྩྭ་ས་མུའུ་ཁྲི་བདུན་མ་རྐང་ནང་ཞུགས་པ་དེར་ཐུན་མོང་ཐོག་གཅིག་གྱུར་ཐོག་དོ་དམ་བྱས་ནས། ཞིང་སྐྱོར་མ་དངུལ་དང་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཉིས་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། སྨི་གྲུ་བཞི་མ་བཞི་སྟོང་ཉིས་བརྒྱ་ཅན་གྱི་ཚད་གཞི་མཐོ་བའི་ཕྱུགས་ཁང་བསྐྲུན་པ་དང་། ཁྱིམ་ཚང་གྱ་བཞི་ཡི་ཁྱིམ་རེ་ནས་ལུ་གུ་ལྔ་བཅུ་རེ་མ་རྐང་ནང་ཞུགས་པར་གཅིག་བསྡུས་སྒོས་དོ་དམ་བྱས་པས་ཁོར་ཡུག་སྦགས་བཙོག་ཉུང་དུ་ཕྱིན་པ་དང་། མི་ཤུགས་གྲོན་ཆུང་ཐུབ་པ། གནོད་འགོག་ནུས་པ་ཆེ་རུ་ཕྱིན་པར་མ་ཟད། གསོ་སྤེལ་ཕན་འབྲས་མཐོ་རུ་ཕྱིན་པ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་ཡོད།

ཞིང་ལས་འཕྲུལ་ཆས་ཞབས་ཞུའི་ཐད། ཞིང་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་དང་སྡེ་བའི་ཐུན་མོང་གསོག་འཇོག་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་བདུན་བསྡུ་རུབ་བྱས་ནས་ཞིང་ལས་འཕྲུལ་ཆས་ཡོ་བྱད་ཆེ་གྲས་བཅོ་ལྔ་ཉོས་ཏེ། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་འདེབས་འཛུགས་དང་། བསྡུ་ལེན། གསོག་ཉར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཆེད་ལས་ཅན་གྱི་ཞིང་འཕྲུལ་ཞབས་ཞུ་རྒྱ་བསྐྱེད་སྒོས་སྡེ་བ་ཡོངས་ལ་སྒོར་འབུམ་གཉིས་ཀྱི་ཡོང་འབབ་གསར་སྣོན་བྱས།

ངལ་ལས་ཕྱིར་གཏོང་ཐད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་བབ་དང་བསྟུན་ནས་ཐོན་ལས་ཁག་བགོས་བྱས་ཏེ་གསོ་མཁས་ཅན་དང་། འདེབས་འཛུགས་མཁས་ཅན། ཐོན་སྐྱེད་མཁས་ཅན། འཕྲུལ་ཆས་མཁས་ཅན། འཚེམ་དྲུབ་མཁས་ཅན་སོགས་ཐོན་ལས་སྦྲེལ་ཐག་ཁག་ཏུ་བཀོད་སྒྲིག་བྱས་ནས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་དང་། དུས་མཚུངས་སུ་རང་ཁ་རང་གསོ་དང་དབུལ་ཐར་ཕྱུག་འགྱུར་ཡོང་བར་བྱས།


མི་རིགས་ཀྱི་འཚེམ་དྲུབ་ཐད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྡེ་ཁག་གིས་ཚན་ཁག་གིས་ངལ་རྩོལ་ནུས་པ་ཞན་པའི་རྒན་རྒོན་དང་གཞིས་སྲུང་བུད་མེད་ལ་དམིགས་ནས་མི་རིགས་ལག་ཤེས་ཚོགས་ཆུང་བཙུགས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་རྩལ་གསོ་སྦྱོང་ལ་བརྟེན་ནས“བོད་ཀྱི་འཚེམ་དྲུབ”དང་བོད་ཆས་འཚེམ་བཟོ་སོགས་ལག་རྩལ་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་མི་རིགས་ཀྱི་འཚེམ་བཟོ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་རང་ཁྱིམ་དུ་ཞོར་ལས་བྱས་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད་ཐུབ་པར་བྱས། ཆུ་ཤར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་བཤད་རྒྱུར།  སྒྲ། ༼    ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་ནུས་བ་ཅི་ཡོད་འདོན་པ་དང་ཧྲུའུ་ཅི་དང་པོའི་སྤེལ་རོགས་ཁྲིད་གསུམ།ཧྲུའུ་ཅི་ཡིས་འགན་གཙོ་བོ་འཁུར་བ་དང་ཏང་ཡོན་དཀྱུས་མ་31བཅས་ཀྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་“ཀྲི་པུའུ་ཐོན་ལས་འབྲེལ་ཐག་ཐོག་འཛུགས་པ་དང་།ཏང་ཡོན་ཐོན་ལས་འབྲེལ་ཐག་ཐོག་ལས་བྱར་ཞུགས་རྒྱུ།འཇོན་ཐང་ཅན་ཐོན་ལས་འབྲེལ་ཐག་ཐོག་གཅིག་སྡུད་བྱེད་པ།མང་ཚོགས་ཐོན་ལས་འབྲེལ་ཐག་ཐོག་ཕྱུག་པོར་གྱུར་བ་”བཅས་ནང་དོན་དུ་འཇུག་པའི་“སྦྲེལ་ཐག་བཞི”འཛུགས་སྐྲུན་བྱེད་རྒྱ་ཆེ་རུ་བཏང་ནས་ཐོན་ལས་ལ་བརྟེན་ནས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་མཉམ་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ།གྲོང་གསེབ་དར་སྤེལ་དུ་གཏོང་བའི་དམངས་ཕྱུག་གི་ལམ་བུ་གསར་པ་ཞིག་བཏོད་ཡོད།  ༽ 

ཆུ་ཤར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

ཨ་སྐོང་སྡེ་བས“ཐོན་ལས་སྦྲེལ་ཐག་བཞི”ཡི་འཛུགས་སྐྲུན་རྒྱ་བསྐྱེད་སྒོས“ཐོན་ལས་ཆེན་པོ་ལྔ”འཕེལ་རྒྱས་སུ་བཏང་སྟེ། མཉམ་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བའི་ཕྱུག་འགྱུར་གྱི་ལམ་གསར་བ་ཞིག་ཏུ་བསྐྱོད། 

གསར་འགོད་པ། ཤ་བོ་གསེར་མཚོ། རྟ་མགྲིན་སྐྱབས།

སྙན་སྒྲོན་པ། ཤ་བོ་གསེར་མཚོ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།