རང་ཞིང་གི་སྡེ་ཁག་བཞི་ཡིས་མཉམ་འབྲེལ་སྒོས་བུད་མེད་ལས་བཟོ་བའི་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་རེད།
2021.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་ནས་ཟླ་བཅུ་བའི་ཟླ་དཀྱིལ་བར་དུ། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་བསྡུས་སྒོས་བུད་མེད་ལས་བཟོ་བའི་ཁེ་དབང་འགན་སྲུང་ཆེད་དོན་ཁྲིམས་སྤྱོད་འགུལ་སྐྱོད་སྤེལ་ནས། བུད་མེད་ལས་བཟོ་བའི་བཙས་གསོས་ངལ་གསོ་དང་ནུ་མ་སྣུན་པའི་དུས་སྐབས་སོགས་ཀྱི་ཁེ་དབང་གནད་དོན་ལ་དམ་དུ་དམིགས་ནས་འབུར་ཐོན་འགལ་རྩོད་རྟོག་སེལ་དང་ཐག་གཅོད་པ་དང་། ཁྲིམས་འགལ་གྱོད་གཞི་ལ་བརྟག་བཤེར་བྱེད་པ། ཁྲིམས་འགུལ་སྤྱོད་ཚུལ་ཡོ་བསྲང་བྱས་ཏེ། བུད་མེད་ལས་བཟོ་བའི་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་རེད།

ཆེད་དོན་ཁྲིམས་སྤྱོད་འགུལ་སྐྱོད་སྐབས་སུ། ས་ཁུལ་སོ་སོ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་འཕྲོད་བསྟེན་བདེ་ཐང་དང་སྨན་བཅོས་འགན་སྲུང་། བཟོ་ཚོགས་སོགས་སྡེ་ཁག་བཅས་དང་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་བཙུགས་ནས། རང་ཁོངས་གཏོགས་ས་ཁུལ་གྱི་མི་བཀོལ་སྡེ་ཁག་གི་བུད་མེད་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་གནས་ཚུལ་ལ་ཁྱོན་ཡོངས་ནས་བརྟག་བཤེར་བྱེད་པ་དང་། ལྷག་པར་དུ་བུད་མེད་ལས་བཟོ་བ་ཅུང་མང་བའི་མི་བཀོལ་སྡེ་ཁག་དང་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ཚད་ཅུང་མཐོ་བའི་མཐོ་རིམ་ཚན་རྩལ་ལས་རིགས་ཀྱི་མི་བཀོལ་སྡེ་ཁག་གཙོར་བཟུང་ནས་ཞིབ་བཤེར་བྱེད་རྒྱུ་རེད། གཙོ་བོར་མི་བཀོལ་སྡེ་ཁག་གིས་བུད་མེད་ལས་བཟོ་བའི་ངལ་རྩོལ་སྲུང་སྐྱོབ་ཀྱི་དམིགས་བསལ་གཏན་ཁེལ་བརྩི་སྲུང་བྱས་པའི་གནས་ཚུལ་དང་། བུད་མེད་ལས་བཟོ་བའི་ངལ་རྩོལ་གྲོས་མཐུན་དང་ཟླ་ཕོགས་སྟེར་བ། སྤྱི་ཚོགས་ཉེན་སྲུང་གནས་ཚུལ། མི་བཀོལ་སྡེ་ཁག་གི་བུད་མེད་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ངལ་རྩོལ་འགན་སྲུང་སྐོར་གྱི་ལམ་ལུགས་ཁྲིམས་སྲོལ་གནས་ཚུལ། བུད་མེད་ལས་བཟོ་བའི་ཁེ་དབང་སྲུང་སྐྱོང་ཆེད་དོན་ཐུན་མོང་གྲོས་མཐུན་བཀོད་པའི་གནས་ཚུལ། བུད་མེད་ལས་བཟོ་བ་བཙས་གསོས་ངལ་གསོའི་ཐོབ་ཐང་གནས་ཚུལ། བུད་མེད་ལས་བཟོ་བ་ཅུང་མང་བའི་མི་བཀོལ་སྡེ་ཁག་གིས་བུད་མེད་ལས་བཟོ་བའི་འཕྲོད་བསྟེན་ཁང་དང་སྦྲུམ་མའི་ངལ་གསོ་ཁང་། ནུ་ལྡུད་ཁང་སོགས་སྒྲིག་ཆས་གནས་ཚུལ། བུད་མེད་ལས་བཟོ་བའི་རྩ་འཛུགས་འཛུགས་སྐྲུན་དང་སེམས་ཁམས་བདེ་ཐང་སྲུང་སྐྱོབ་ཀྱི་གནས་ཚུལ། མི་བཀོལ་སྡེ་ཁག་གིས་བུད་མེད་ལ་སྣང་ཆུང་བྱེད་པའི་ནང་དོན་ལྡན་པའི་མི་བསྡུ་ཆ་འཕྲིན་སྤེལ་བའི་གནས་ཚུལ་དང་བུད་མེད་ལས་བཟོ་བའི་ཁེ་དབང་སྲུང་སྐྱོབ་དང་འབྲེལ་བའི་བཅའ་ཁྲིམས། ཁྲིམས་སྲོལ་ལག་བསྟར་གནས་ཚུལ་བཅས་ནང་དོན་དགུ་ཐད་ནས་ཞིབ་བཤེར་བྱེད་རྒྱུ་རེད།

                                                                                                                      རིན་ཆེན་མཚོས་བསྒྱུར།