ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་མ་དཔེ་གསར་བ་འཛུགས་སྐྲུན་བྱེད་པ། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་ཆེད། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཀན་སུའུ་ཞིང་ཆེན་ཚོང་དོན་ཐིན་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་བལ་བོའི་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་འཛུགས་སྐྲུན་དང་ཞིང་ལས་ཐོན་རྫས་མཁོ་འདོན་ཕྱོགས་ནས་མཉམ་ལས་ཀྱི་གྲོས་མཐུན་བཀོད། ཉེ་ལམ། ཞིང་ཆེན་ཚོང་དོན་ཐིན་གྱིས་ལན་ཀྲི་ནས་བསྡུས་པའི་ཀྲུང་གོ་དང་བལ་བོའི་བགྲོད་ལམ་འཛུགས་སྐྲུན་དང་ཞིང་ལས་ཐོན་རྫས་མཁོ་འདོན་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་དང་གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་། ཀན་སུའུ་ཞིང་ཆེན་ཚོང་དོན་ཐིན་བར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།
གྲོས་མཐུན་འགོད་པའི་མཛད་སྒོ་སྟེང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་སོ་སོར་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཀུན་སུའུ་ཞིང་ཆེན་ཚོང་དོན་ཐིན་གཉིས་ཀྱི་ཀྲུང་གོ་དང་བལ་བོའི་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་འཛུགས་པའི་མཉམ་ལས་འདོད་བློ་ཡི་གེ་དང་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཀན་སུའུ་ཞིང་ཆེན་ཚོང་དོན་ཐིན་གཉིས་ཀྱིས་ཞིང་ལས་ཐོན་རྫས་མཁོ་འདོན་མཉམ་ལས་སྒྲོམ་གཞི་གྲོས་མཐུན་བཀོད།
དེའི་དམིགས་འབེན་ནི2020ལོའི་ཟླ་ལྔ་བར་བསྡུས་པའི་ཀན་སུའུ་དང་མཚོ་སྔོན་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པའི་ཁྲོད་ཞུགས་པ། སྒོ་འབྱེད་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་དང་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།
ཞིང་ཆེན་ཚོང་དོན་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ་ལག་བསྟར་བྱས་པ་དང་བསྟུན་ནས། ནུབ་རྒྱུད་ས་ཁུལ་དེ་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་ལྷུང་ས་ཁུལ་ནས་མདུན་གྲས་ཀྱི་གཡུལ་སར་གྱུར་བ་དང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཁུལ་གནས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་བལ་བོའི་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་རྒྱ་སྐྱེད་པ་དང་སྐམ་མཚོའི་བགྲོད་ལམ་གསར་བ་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་ནས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དགོས། དེ་དང་མཉམ་དུ། ཀན་སུའུ་ནི་མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་མཁོ་འདོན་ཞིང་ཆེན་ཡིན་པས། ས་ཆ་གཉིས་ཀྱིས་ཞིང་ལས་ཐོན་རྫས་ཐོན་འཚོང་སྦྲེལ་མཐུད་ཇེ་དམ་དུ་གཏོང་བ་དང་། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་མཉམ་དུ་འབད་འཐབ་བྱས་པ་བརྒྱུད་དེ། ཞིང་ཆེན་གཉིས་ཀྱིས་ཁྱབ་ཁོངས་སྔར་ལས་ཆེན་པོ་དང་ཁུལ་ཁོངས་སྔར་ལས་ཆེན་པོ། རིམ་པ་སྔར་ལས་མཐོན་པོ་ནས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་དང་ཞིང་ཆེན་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།