རང་ཞིང་གི་གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཚན་ཁག་སྐབས་བརྗེ་བྱས་པའི་ཚུན་དུ། རང་ཞིང་གིས་འཛམ་གླིང་རང་བཞིན་གྱི་ཚྭ་མཚོ་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་བཅས་ས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཚན་ཁག་གི་ཆེད་ལས་གྲུབ་ཚུལ་ལེགས་བསྒྱུར་བྱས།
གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་ཁྲོད། རང་ཞིང་གིས་ས་བཞི་འཛུགས་སྐྲུན་གྱི་དམིགས་འབེན་ཚད་གཞིར་བཟུང་ནས། གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་བསླབ་གནས་དང་རྒྱུད་རིམ་གྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཚན་ཁག་གི་ཆེད་ལས་དགོས་མཁོ་ལ་རྒྱུས་ལོན་གསལ་བོ་བྱས། གྲོང་ཁྱེར་གཅིག་ལ་སྙན་ཞུ་གཅིག་དང་རྫོང་གཅིག་ལ་ཚད་གཞི་གཅིག་གི་རེ་བ་ལྟར། སྔ་གཞུག་ཏུ་འགོ་ཁྲིད་ཚན་ཁག་གི་ཆེད་ལས་གྲུབ་ཚུལ་ཐད་ཀྱི་དབྱེ་ཞིབ་སྙན་ཞུ་དང་ས་བཞི་འཛུགས་སྐྲུན་གྱི་སྤྱི་ཁོག་གི་རེ་བའི་སྙན་ཞུ་ང་བདུན་གྲུབ་པར་བྱས་ནས། གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཚན་ཁག་གི་ཆེད་ལས་གྲུབ་ཚུལ་སྤྱི་ཁོག་ནས་ལེགས་བསྒྱུར་བྱེད་པའི་ཐད་དཔྱད་གཞི་ཡིག་རིགས་འདོན་སྤྲོད་བྱས།
དེ་དང་མཉམ་དུ། གྲོང་ཁྱེར་དང་ཁུལ་ལ་ཁ་ཕྱོགས་ནས། ལས་བྱེད་པ་ངོ་སྤྲོད་བྱས་པ་དང་། གྲོང་ཁྱེར་དང་ཁུལ་གྱི་ད་ཡོད་ལས་བྱེད་པའི་ཆེད་ལས་ནུས་པ་དང་གྲུབ་ཚུལ་སོགས་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་རྨང་གཞི་སྟེང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭ ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ལས་བྱེད་པའི་དཔུང་སྡེ་ཁྲོད་ཀྱི་ཆེད་ལས་དང་བྱ་བ་འདྲ་མཚུངས་ཡིན་པ། ནུས་པ་བཟང་བའི་ལས་བྱེད་པར་ཁྱོན་ཡོངས་ནས་བསྡོམས་རྩིས་བྱས་ཏེ། བཟང་བོའི་ཁྲོད་ནས་བཟང་བོ་འདེམ་ཐུབ་པར་བྱས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཐོན་ཁུངས་བཀོལ་སྤྱོད་བྱེད་པར་དོ་སྣང་བྱས་པ་དང་། གཞུང་ཞབས་པའི་དཔོན་གནས་བརྗེ་བ་དང་བརྗེ་རེས་དང་ལས་འཁུར་སྦྱོང་བརྡར་སོགས་ཀྱི་རྣམ་པ་བརྒྱུད་དེ། ས་བཞི་འཛུགས་སྐྲུན་ཐད་ངེས་པར་མཁོ་བའི་ཆེད་ལས་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་ཚན་ཁག་ཁྲོད་ནང་འདྲེན་བྱས།
རང་ཞིང་གིས་ད་དུང་ལྟ་ཞིབ་བྱེད་སྟངས་ཇེ་ལེགས་སུ་བཏང་བ་དང་། ལྟ་ཞིབ་ཐོན་ཁུངས་མཉམ་བསྲེས་བྱས་ལ། ལྟ་ཞིབ་བྱེད་ཡུལ་གྱི་ཆེད་ལས་རྒྱབ་ལྗོངས་དང་བྱ་བའི་རྒྱུད་རིམ། ཉིན་རྒྱུན་གྱི་མངོན་ཚུལ། འབུར་ཐོན་གྲུབ་འབྲས། འཕེལ་རྒྱས་སྦས་ཤུགས་སོགས་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས། རྒྱུན་བསྲིང་ལྟ་ཞིབ་དང་ཡུལ་དངོས་ལྟ་ཞིབ་སོགས་ཀྱི་རྣམ་པ་སྤྱད་དེ། འབྲེལ་ཡོད་གནས་ཚུལ་ལ་ཞིབ་བསྡུར་གསལ་བོ་བྱས་ནས། ལས་བྱེད་པ་གདམ་གསེས་བྱེད་པའི་ཆེད་ལས་བྱང་ཚད་ཀྱི་འགག་སྒོ་བརྟན་སྲུང་བྱས།
རིན་ཆེན་མཚོས་བསྒྱུར།