ཀོས་ནན་གྱིས་ཤེས་ལྡན་མི་སྣ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པ་དང་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བྱས།
2021.08.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

ཀོས་ནན་རྫོང་གིས་སྲིད་ཇུས་སྣ་ཚོགས་ཀྱི་རོགས་སྐྱོར་དང་སྣེ་ཁྲིད་བརྒྱུད་དེ། ཤེས་ལྡན་མི་སྣ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པ་དང་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བཏང་།

ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱས་པའི་ཚུན་དུ། ཀོས་ནན་རྫོང་གིས་ཞིང་ལས་སྤུས་ལེགས་དང་ཕན་མཐོ་ཡོང་བ་དང་ཞིང་སྡེ་བབ་སྡོད་ལས་བརྩོན། མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དམིགས་འབེན་དུ་བྱས་ནས། ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་སོགས་དར་སྤེལ་བྱ་བའི་དམིགས་འབེན་ཆེན་པོ་ལྔ་ལག་བསྟར་བྱེད་པར་གཅིག་གྱུར་འཆར་འགོད་བྱས་པ་དང་། རྒྱུན་མཐུད་ངང་དབུལ་སྐྱོར་ཡིད་རྟོན་དངུལ་བུན་མ་དངུལ་གྱི་སྐྱེད་ཀ་སྤྲོད་པ་དང་དུས་ཡུན་ཐུང་བའི་རྩལ་ནུས་གསོ་སྦྱོང་། གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བ། གྲོང་གསེབ་གནས་སྐོར་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པ་སོགས་གྲོང་གསེབ་དར་སྤེལ་ལས་གཞི་དགུ་བཅུ་ལྷག་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ལས་གཉེར་ལས་སྐྲུན་གྱི་བརྩོན་སེམས་ཆེར་སྐྱེད།

ལས་རིགས་སློབ་གྲྭ་རྒྱབ་རྟེན་དུ་བྱས་ཏེ། ཀོས་ནན་རྫོང་གིས་ལས་ཞུགས་ལས་སྐྲུན་སྐྱེད་སྲིང་ར་བ་འཛུགས་སྐྲུན་བྱས་པ་དང་། གློག་རྡུལ་ཚོང་དོན་དང་རིག་གནས་གསར་གཏོད་སོགས་ཁེ་ལས་ཕྲན་ཆུང་བཙུགས་ཏེ། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དང་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི། ཞིང་བ་ཞོར་ལས་བ་སོགས་ཕྱིར་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་ནས་འཆར་འགོད་བཟོ་བ་དང་ལས་གཉེར་ལས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།