རྨ་སྟོད་རྫོང་སློབ་ཆུང་གི་སློབ་མ་བཞི་བརྒྱ་ལྷག་ས་ཡོམ་རྗེས་ཀྱི་བར་བརྒལ་བཀོད་སྒྲིག་སློབ་ཁུལ་ཏེ་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁུལ་རྙིང་བ་ནས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས།
2021.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་དགུ་བའི་ཚེས་གཅིག་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སློབ་ཆུང་གི་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་སློབ་མ་བཞི་བརྒྱ་ལྷག་ས་ཡོམ་རྗེས་ཀྱི་བར་བརྒལ་བཀོད་སྒྲིག་སློབ་ཁུལ་ཏེ་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁུལ་རྙིང་བ་ནས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་། དེ་ལས་རྨ་སྟོད་རྫོང་ལྔ་བའི་ཉེར་གཉིས་ས་ཡོམ་གནོད་ཐེབས་རྗེས་ཀྱི་བར་བརྒལ་བཀོད་སྒྲིག་བྱས་པའི་སློབ་མ་ཆིག་སྟོང་བདུན་བརྒྱ་དོན་གཉིས་དུས་ལྟར་སློབ་ཁྲིད་ལ་ཞུགས་པ་མཚོན་པར་བྱས་ཡོད།

རྨ་སྟོད་རྫོང་ལྔ་བའི་ཉེར་གཉིས་གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་མགོ་བརྩམས་པའི་ཚུན་ལ། ས་གནས་སློབ་གྲྭ་སོ་སོར་ཚད་མི་འདྲ་བའི་གཏོར་བརླག་ཐེབས་པའི་མདུན་དུ་སློབ་མ་རྣམས་དུས་ལྟར་སློབ་ཁྲིད་ལ་ཞུགས་པའི་གནད་དོན་ཇི་ལྟར་ཐག་གཅོད་རྒྱུ་དེ་གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བའི་ཁྲོད་ཀྱི་ནང་དོན་གཙོ་བོ་ཞིག་ཡིན། བཟོ་སྐྲུན་སྤུས་ཚད་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སློབ་གྲྭ་སླར་གསོ་དང་སྲ་བརྟན་དུ་གཏོང་ཚད་ཇེ་མགྱོགས་སུ་བཏང་བ་དང་། དེ་མིན་སློབ་མ་གནས་སྤོར་བཀོད་སྒྲིག་བྱ་བ་བཟང་བོར་སྒྲུབ་ནས། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་བཅོལ་ཁང་གི་སློབ་མའི་སྟོན་ཁའི་སློབ་ཁྲིད་དུས་ལྟར་ཚོགས་པ་འགན་སྲུང་བྱས། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རྫོང་ཡོངས་ཀྱི་སློབ་མ་ཆིག་སྟོང་བདུན་བརྒྱ་དོན་གཉིས་སྐོར་ཁག་ལྔ་བྱས་ཏེ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མི་རིགས་སློབ་འབྲིང་། མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁུལ་རྙིང་བ། མགོ་ལོག་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ། དེ་མིན་མཛོ་རྒན་རྭ་བར་གྲོང་རྡལ་གྱི་བཅའ་སྡོད་སློབ་གྲྭ་དང་རྨ་སྟོད་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་སློབ་འབྲིང་བཅས་ལ་བཀོད་སྒྲིག་བྱས་ནས། ཟླ་དགུ་བའི་ཚེས་གཅིག་ཉིན་སློབ་གྲྭ་ཚང་མས་དུས་ལྟར་སློབ་ཁྲིད་བྱེད་མགོ་བརྩམས།

                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།