མཚོ་སྔོན་དང་ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱིས་མཉམ་འབྲེལ་སྒོས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་གྲོས་མཐུན་བཀོད།
2021.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཉེ་ལམ། གསར་འགོད་པས་ཞིང་ཆེན་ས་གཏེར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་ཆུའི་བཞུར་ཁོངས་སྟོད་རྒྱུད་ཐོན་ཁུངས་སྲུང་སྐྱོབ་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། སྐྱེ་ཁམས་སྟོང་ཆ་སྔར་ལས་འཐུས་ཚང་དུ་གཏོང་ཆེད། ཞིང་ཆེན་ས་གཏེར་ཅུའུ་དང་ཀན་སུའུ་ཞིང་ཆེན་ས་གཏེར་ཅུའུ། ཉིན་ཞ་ས་གཤིས་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ས་གཤིས་བྱ་བ་ལེགས་པོར་བསྒྲུབ་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་སྐོར་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད།

ཤེས་གསལ་ལྟར་ན། ཐེངས་འདིར་གྲོས་མཐུན་བཀོད་པའི་མཉམ་ལས་གྲོས་མཐུན་གྱི་མཉམ་ལས་བྱེད་པའི་ལོ་ཚད་ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་རེད། མཉམ་ལས་ཀྱི་ནང་དོན་ལ་མཉམ་འབྲེལ་སྒོས་རྨང་གཞིའི་ས་གཤིས་ལ་ཞིབ་བཤེར་བྱེད་པ་དང་། མཉམ་འབྲེལ་སྒོས་ནུས་ཁུངས་དང་འཐབ་ཇུས་རང་བཞིན་གྱི་གཏེར་ཐོན་ཐོན་ཁུངས་ལ་རྩད་ཞིབ་བྱེད་པ། མཉམ་འབྲེལ་སྒོས་ཆུའི་ཐོན་ཁུངས་དང་ཆུའི་འཁོར་རྒྱུག་ལ་ཞིབ་བཤེར་བྱེད་པ། མཉམ་འབྲེལ་སྒོས་རྒྱལ་ཁོངས་བར་སྟོང་གི་སྐྱེ་ཁམས་གནས་ཚུལ་ལ་ཞིབ་བཤེར་ལྟ་ཞིབ་ཚད་ལེན་དང་དཔྱད་ཞིབ་བྱེད་པ། མཉམ་འབྲེལ་སྒོས་ས་གཤིས་ཚན་རྩལ་གསར་སྐྲུན་ལ་སྐུལ་སྤེལ་བྱེད་པ། མཉམ་འབྲེལ་སྒོས་ས་གཤིས་ཞིབ་བཤེར་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་དྲུག་འདུ། མཉམ་ལས་གྲོས་མཐུན་བཀོད་རྗེས། མཚོ་སྔོན་དང་ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱིས་ས་གཤིས་བྱ་བའི་རྨང་གཞི་རང་བཞིན་དང་སྤྱི་ཕན་རང་བཞིན། འཐབ་ཇུས་རང་བཞིན་གྱི་གཏན་གནས་ལ་རྐང་བཙུགས་ཏེ། རང་རང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། གཅིག་གྱུར་སྒོས་འཆར་འགོད་བྱེད་པ། མཉམ་འབྲེལ་རོགས་ལས་བྱས་ནས། རྨ་ཆུའི་བཞུར་ཁོངས་སྟོད་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་རྨང་གཞིའི་ས་གཤིས་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ཐོན་ཁུངས་འགན་སྲུང་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ། ཆུའི་ཐོན་ཁུངས་སྒྲིག་སྦྱོར་སྔར་ལས་ལེགས་སྒྱུར་བྱེད་པ། སྐྱེ་ཁམས་བར་སྟོང་ཆགས་སྟངས་སྔར་ལས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཞབས་ཞུའི་ནུས་པ་སྔར་ལས་རྒྱ་བསྐྱེད་པ། ས་གཤིས་ཞིབ་བཤེར་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་སྔར་ལས་མཐོར་འདེགས་སུ་བཏང་ནས། ས་གནས་སོ་སོའི་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་སྐུལ་སྤེལ་བྱེད་རྒྱུ་རེད།

                                                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།