ཀྲུང་གོ་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པའི་སྐབས་སུ་རང་ཞིང་གིས་སྒོར་དུང་ཕྱུར་བདུན་གྱི་གྲོས་མཐུན་བཀོད།
2021.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 115

ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པ་ཉེ་སྔོན་ཞ་མིན་ནས་གྲོལ། གསར་འགོད་པས་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པའི་སྟེང་ལས་གཞི་སྐོར་ཞིག་གི་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་བདུན་ལ་སླེབས།

མཚོ་སྔོན་མགྲོན་བདག་ཞིང་ཆེན་བྱས་ནས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་གཉེར་གཅིག་པར་ཞུགས་པ་དང་། ཐེངས་འདིའི་བརྗོད་དོན་ནི་རབ་མཛེས་མཚོ་སྔོན་དང་ལྗང་མདོག་འཕེལ་རྒྱས་ཡིན་ལ། གྲོས་ཚོགས་སྐབས་སུ་གཅིག་བསྡུས་སྒོས་མཚོ་སྔོན་གྱི་འཕེལ་རྒྱས་གྲུབ་འབྲས་དང་ཐོན་ལས་དགེ་མཚན། དངུལ་གཏོང་ཁོར་ཡུག་དང་མཉམ་ལས་མདུན་ལྗོངས་འགྲེམ་སྟོན་བྱས། དེ་དང་མཉམ་དུ། སྐྱེ་ཁམས་འཕེལ་རྒྱས་ཀྱི་གསར་གཏོད་འདུ་ཤེས་འཛུགས་པར་དམིགས་ནས། དེང་རབས་ཚན་རྩལ་བྱེད་ཐབས་དང་མཐོང་ཚོར་གྲུབ་འབྲས་ལ་བརྒྱུད་དེ་གནས་བཞི་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས།

འགྲེམ་ཚོགས་སྐབས་སུ། རང་ཞིང་གི་ལྗང་མདོག་ཞིང་ཕྱུགས་དང་རྒྱུ་ཆ་གསར་བ། ནུས་ཁུངས་གསར་བ་སོགས་ཀྱི་ལས་རིགས་བཞི་བཅུའི་ཁེ་ལས་དང་ཐོན་རྫས་མིང་གྲགས་ཅན་དང་སྤུས་ལེགས་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་ལ་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དངུལ་གཏོང་ཉོ་ཚོང་དང་རིག་གནས་གནས་སྐོར་ངོ་སྤྲོད་གྲོས་ཚོགས་ཐེངས་མང་པོ་བསྡུས་ལ། འཛམ་གླིང་གི་ཁེ་ལས་བཟང་བོ་ལྔ་བརྒྱ་དང་རྒྱལ་ཁོངས་བརྒལ་བའི་ཁེ་ལས་ནང་དུ་འདུ་བའི་ཁེ་ལས་དྲུག་ཅུ་སྦྲེལ་མཐུད་ཚོང་གཏམ་བྱ་འགུལ་ལ་ཞུགས།

སྐབས་འདིའི་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྟེང་རང་ཞིང་གིས་ལས་གཞི་སྐོར་ཞིག་གི་གྲོས་མཐུན་བཀོད་པ་དང་། དེའི་ཐད་ནས་ཉར་གསོག་དངོས་སྐྱེལ་དང་བདེ་ཐང་ལུག་གསོ་གྲོང་རྡལ། གཏེར་ཁུལ་བསྒྱུར་བཀོད་རྒྱ་སྐྱེད། འཁྱག་གསར་ཐོན་རྫས་མཁོ་འདོན་སོགས་ལས་རིགས་མང་པོ་དང་ཁྱབ་ཁོངས་བཅས་འདུ།

རིན་ཆེན་མཚོས་བསྒྱུར།