རང་ཞིང་གིས་ལོ་རེར་མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་ནས་ལོ་ལོན་རྒན་པར་རྒན་གསོ་ཞབས་ཞུ་སྒྲུབ།
2021.09.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་དམངས་སྲིད་ཐིན་ནས་ཐོན་པའི་གནས་ཚུལ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་དུ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ལོ་རེར་མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་ནས། ཞིང་ཆེན་ཡོངས་ཀྱི་ལོ་ལོན་རྒན་པར་རིམ་པ་མི་འདྲ་བའི་སྲིད་གཞུང་གིས་རྒན་གསོ་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མཁར་གྲོང་གི་གཅིག་གྱུར་འཆར་འགོད་བྱས་པའི་སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་སྒྲུབ་པ་ཁྱོན་ཡོངས་སུ་ཁེབས་པར་བྱས།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་གྲབས་གསོག་བྱས་ནས། རྒན་གསོའི་རྨང་གཞི་སྒྲིག་ཆས་གསར་འཛུགས་དང་ནུས་པ་མཐོར་འདེགས་ལས་གཞི་བརྒྱད་བརྒྱ་དང་ཉེར་དྲུག་ལག་བསྟར་བྱས་པ་དང་། ཉལ་ཁྲིའི་གྲུབ་ཚུལ་ལེགས་བསྒྱུར་བྱས་ལ། རྒན་གསོ་ལས་ཁུངས་ཀྱི་ཞབས་ཞུ་སྤུས་ཚད་མཐོར་འདེགས་བཏང་། རྒན་གསོ་ལས་ཁུངས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་ཆེད། རང་ཞིང་གིས་རྒན་གསོ་ལས་ཁུངས་སྒྲིག་ཆས་ཀྱི་སྐར་རིམ་བྱ་དགའ་ཁ་གསབ་དང་དམངས་གཉེར་དང་གཞུང་བཙུགས་དམངས་གཉེར་རྒན་གསོ་ལས་ཁུངས་འཁོར་རྒྱུག་ཁ་གསབ། དམངས་གཉེར་རྒན་གསོ་ལས་ཁུངས་ཀྱི་ཉལ་ཁྲི་འཛུགས་སྐྲུན་ཁ་གསབ་སོགས་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ། ལས་ཁུངས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་ཚད་ལྡན་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་སྟོབས་ཤུགས་རྒན་གསོ་ཞབས་ཞུ་ཁྲོད་ཞུགས་པའི་བརྩོན་སེམས་ཆེར་སྐྱེད།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རང་ཞིང་གིས་རྒན་གསོ་ཞབས་ཞུའི་རྨང་གཞི་སྒྲིག་ཆས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། སྲང་ལམ་གཞིས་ཁུལ་རྒྱབ་རྟེན་དུ་བྱེད་པ་དང་ཚོང་རྟགས་ཅན་གྱི་སྤྱི་ཚོགས་ཞབས་ཞུ་རྩ་འཛུགས་འདེགས་སྐྱོར་དུ་བྱས་པའི་སྐར་མ་བཅོ་ལྔའི་ཁྱིམ་སྡོད་གཞིས་ཁུལ་རྒན་གསོ་ཞབས་ཞུ་ཚོགས་འཛུགས་རྒྱུ་ཡིན་པ་དང་། མཁར་གྲོང་གི་ཧ་ཅང་དབུལ་ཕོངས་ཡིན་པའི་ལོ་ལོན་རྒན་པའི་གསོ་སྐྱོང་ཞབས་ཞུ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གཅིག་བསྡུས་གསོ་སྐྱོང་གི་འདོད་བློ་ཡོད་པའི་ཧ་ཅང་དབུལ་ཕོངས་ཡིན་པའི་མི་སྣ་ཡོངས་གཅིག་བསྡུས་སྒོས་གསོ་སྐྱོང་བྱེད་པ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཞིང་སྡེའི་རྒན་གསོ་ཞབས་ཞུ་མཐིལ་སྲུང་འགན་སྲུང་དྲ་རྒྱུ་བཙུགས་ནས། རྒན་གསོ་ཞབས་ཞུ་སྒྲིག་ཆས་ཡོངས་སུ་ཁེབས་པར་བྱེད་རྒྱུ་རེད།

དེ་དང་མཉམ་དུ། ཀུན་ཕན་རང་བཞིན་གྱི་རྒན་གསོ་ཞབས་ཞུ་འཕེལ་རྒྱས་སུ་བཏང་བ་དང་། ཀུན་ཕན་རང་བཞིན་གྱི་རྒན་གསོ་ཞབས་ཞུའི་བཅོས་བསྒྱུར་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་བ་དང་རྒན་གསོ་ལས་ཁུངས་ཀྱི་སྤུས་འདེགས་ནུས་སྤེལ་འགུལ་སྐྱོད་ལག་བསྟར་བྱེད་པ། སྨན་བཅོས་ལུས་གསོ་ཞབས་ཞུ་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བ། རྒན་གསོ་ཞབས་ཞུ་ཐད་ཀྱི་འཇོན་མི་སྐྱེད་སྲིང་བྱེད་པ་སོགས་སྲིད་ཇུས་ཀྱི་ཕྱོགས་བསྡུས་བེད་སྤྱོད་ལག་བསྟར་བྱས་ལ། ཚོང་རའི་རྒན་གསོ་ཞབས་ཞུ་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་གཏན་ཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རྒན་གསོ་ཞབས་ཞུའི་སྤུས་འདེགས་ཕན་སྐྱེད་བྱེད་པར་སྐུལ་འདེད་བཏང་ནས། རྒྱ་ཆེའི་ལོ་ལོན་རྒན་པར་རིན་ཐང་འཚམ་པ་དང་སྟབས་བདེ། སྤུས་ཚད་བཟང་བའི་རྒན་གསོ་ཞབས་ཞུ་འདོན་སྤྲོད་བྱས།

རིན་ཆེན་མཚོས་བསྒྱུར།