མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་དྲུག་གི་བཞུར་རྒྱུན་གྱི་ཆུ་དང་མཚེའུ་དོ་དམ་སྲུང་སྐྱོབ་ཇེ་དྲག་ཏུ་གཏོང་བ་དང་། འགན་འཁྲི་གསལ་བ་དང་མཐུན་སྦྱོར་ཐད་ནས་གོ་རིམ་ལྡན་པ། ལྟ་སྐུལ་དོ་དམ་ནན་མོ་བྱེད་པ། སྲུང་སྐྱོབ་ཤུགས་ཆེན་བྱེད་པའི་བཞུར་རྒྱུན་གྱི་ཆུ་དང་མཚེའུ་ཡི་མཉམ་འགོག་མཉམ་སྡོམ་མཉམ་བཅོས་ཀྱི་རྐྱེན་སྲོལ་འཛུགས་ཆེད། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་དྲུག་གིས་ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་སྐབས་དང་པོའི་ཆུ་བོའི་བཞུར་རྒྱུན་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་མཉམ་འབྲེལ་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ཁུལ་དྲུག་གི་ཆུ་བོའི་བཞུར་རྒྱུན་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ཆུ་དང་མཚེའུ་ཡི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱི་གྲོས་མཐུན་བཀོད།
གྲོས་མཐུན་དེ་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ས་ཆ་དྲུག་དང་འབྲེལ་ལ། དེའི་ནང་འབྲི་ཆུ་དང་རྨ་ཆུ། རྫ་ཆུ། རྒྱ་མོ་རྔུལ་ཆུ་བཅས་ཆུ་བོ་བཞི་འདུ་བ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་དང་ཆུ་དང་མཚོའི་མཉམ་འགོག་མཉམ་སྡོམ་ལམ་ལུགས་བཙུགས། ཆུ་མཚོ་མཉམ་འགོག་མཉམ་སྡོམ་ལམ་ལུགས་ཕྱོགས་ནས། རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་སྐོར་ཞིབ་ཁྲིམས་འཛིན་ལམ་ལུགས་བཙུགས། ཁོངས་གཏོགས་ས་ཁུལ་གྱི་བཞུར་རྒྱུན་གྱི་ཆུ་དང་མཚེའུ་འགྲམ་རྒྱུད་ཀྱི་རིགས་མི་འདྲ་བའི་ཆུ་བོ་དང་འབྲེལ་བའི་ཁྲིམས་འགལ་སྤྱོད་ཚུལ་ལ་རྩད་གཅོད་ནན་མོ་བྱས་པ་དང་། ས་མཚམས་ཀྱི་ཆུ་དང་མཚེའུ་ཁོར་ཡུག་བཙོག་བཟོ་འགལ་རྩོད་གྱོད་གཞིའི་འགོ་ཁུངས་བཙལ་བའི་ཞིབ་བཤེར་སྤེལ་ལ། ཆུ་དང་མཚེའུ་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི་ཐག་གཅོད་པར་རོགས་འདེགས་བྱས་ནས། ཆུ་བོ་དང་འབྲེལ་བའི་འཕྲལ་བསྟུན་དོན་རྐྱེན་ལ་མཉམ་འབྲེལ་ཐག་གཅོད་བྱས། བྱ་བའི་དགོས་མཁོ་ལྟར། ཁུལ་ཁོངས་གཙོ་བོ་དང་གནད་དོན་གཙོ་བོ། དུས་ཚོད་གཙོ་བོ་འབུར་དུ་ཐོན་པར་བྱས་ནས་དུས་ཐོག་ཏུ་བཞུར་རྒྱུན་གྱི་ཆུ་མཚོའི་མཉམ་འབྲེལ་སྐོར་ཞིབ་ཁྲིམས་འཛིན་སྤེལ། ཕྱོགས་སོ་སོས་རང་ཁུལ་ཁོངས་ནང་གི་བཞུར་རྒྱུན་གྱི་ཆུ་མཚོའི་བཅོས་སྐྱོང་སྲུང་སྐྱོབ་གོ་རིམ་ནང་། སྐྱེ་ཁམས་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་སོགས་འབྲེལ་ཡོད་གནད་དོན་ལ་བསམ་གཞིགས་བཏང་བ་དང་། སྐྱེ་ཁམས་བཅོས་སྐྱོང་བྱེད་ཤུགས་ཆེར་བཏང་ལ། བཙོག་བཟོས་འགོ་ཁུངས་གཙོ་བོར་ཐག་བཅད་པ་དང་། ཆུའི་སྐྱེ་ཁམས་སླར་གསོ་ལག་རྩལ་བཀོལ་སྤྱོད་གང་ལེགས་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱས།
དེ་ལས་གཞན། བཞུར་རྒྱུན་གྱི་ཆུ་མཚོའི་ཁོར་ཡུག་བཙོག་བཟོར་མཉམ་འགོག་མཉམ་སྡོམ་མཉམ་བཅོས་བྱས་པ་དང་། སྔོན་འགོག་གཙོར་བྱེད་པ་དང་འགོག་བཅོས་ཟུང་འབྲེལ། ཕྱོགས་བསྡུས་བཅོས་སྐྱོང་གི་རྩ་དོན་རྒྱུན་འཁྱོངས་བྱས་ལ། ཁུལ་ཁོངས་གྱི་ཁོར་ཡུག་བཅོས་སྐྱོང་ཆེར་བཏང་ནས། ནང་འདྲེན་རང་བཞིན་གྱི་སྲ་གཟུགས་གད་སྙིགས་ཆུ་ནང་དུ་འདྲེས་པར་འགོག་བཅོས་བྱས། བྱ་བའི་བྱེད་ཐབས་དང་བྱ་བ་སྤེལ་ཤུགས་ལ་ཤུགས་བསྣན་པ་དང་། མདོག་དཀར་གད་སྙིགས་སོགས་སྲ་གཟུགས་གད་སྙིགས་ཀྱི་ཚོད་འགོག་ལ་ཤུགས་བསྣན་ནས། ཆུ་བོར་གནོད་པ་བྱེད་ཚད་ཇེ་ཆུང་དུ་བཏང་བ་དང་། མཉམ་དུ་བཞུར་རྒྱུན་གྱི་ཆུ་མཚོའི་ཁོར་ཡུག་བཅོས་སྐྱོང་བྱས།
རིན་ཆེན་མཚོས་བསྒྱུར།