རང་ཞིང་གིས་རིག་གནས་སྲུང་སྐྱོབ་ལས་གཞི་སུམ་ཅུ་ལྷག་ལག་བསྟར་བྱ་རྒྱུ་རེད།
2021.09.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཡར་ཞུ་བྱས་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་བེད་སྤྱོད་བཟོ་སྐྲུན་ཉར་གསོག་ལས་གཞི་ལ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ། རིག་གནས་དང་གནས་སྐོར་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས་གྲོས་སྡུར་ཞིབ་བཤེར་བྱས་རྗེས་ཉེ་ལམ་ཕྱིར་ལན་བཏབ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བརྒྱུད་རིམ་ལྟར་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་བེད་སྤྱོད་བཟོ་སྐྲུན་ཉར་གསོག་ལས་གཞི་ཐད་ཀྱི་ཐོག་མའི་གནས་ཚུལ་སྤྱི་ཚོགས་སྟེང་ཡོངས་བསྒྲགས་བྱས།

བསྒྲགས་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རང་ཞིང་གིས་ལག་བསྟར་བྱེད་རྩིས་ཡོད་པའི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་བེད་སྤྱོད་བཟོ་སྐྲུན་གྱི་གྲས་སུ་ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ལས་གཞི་བཅུ་ཡོད་ལ། དེའི་ནང་ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཏ་ཐུང་བར་མཚམས་ཀྱི་རིག་གནས་གནས་སྐོར་བར་ཁྱམས་འཛུགས་སྐྲུན་ལས་གཞི་དང་ལྕགས་རི་རིང་བོའི་རིག་གནས་སྤྱི་གླིང་གི་ཧོང་ཀྲུང་བར་མཚམས་ཀྱི་སྲུང་སྐྱོབ་དང་འགྲེམ་སྟོན་ལྟེ་གནས་འཛུགས་སྐྲུན་ལས་གཞི། ལྕགས་རི་རིང་བོའི་ཏ་ཐུང་བར་མཚམས་དང་ཁྲི་ཀའི་བར་མཚམས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི། ཟི་ལིང་གྲོང་ཁྱེར་ལྕགས་རི་རིང་བོའི་ཤུལ་བཞག་སྲུང་སྐྱོབ་འགྲེམ་སྟོན་ལྟེ་གནས་འཛུགས་སྐྲུན་ལས་གཞི་སོགས་འདུ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ལས་གཞི་གཅིག་ཡོད་དེ་མཚོ་སྔོན་རྒྱང་སྐྱོད་པད་མ་རྒྱལ་ཁབ་རིག་གནས་སྤྱི་གླིང་ཁྱད་ཆོས་སྤྱི་གླིང་གི་འཛུགས་སྐྲུན་ལས་གཞི་ཡིན། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ལས་གཞི་དགུ་ཡོད་པའི་ནང་དུ། རང་ཞིང་གི་རྨ་ཆུའི་རིག་གནས་རྟེན་མཛོད་གླིང་འཛུགས་སྐྲུན་དང་གཟུགས་འདས་རིག་གནས་ཤུལ་བཞག་ཁང་འཛུགས་སྐྲུན་ལས་གཞི། མཁར་བྱང་ཁུལ་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཕྱོགས་བསྡུས་རང་བཞིན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་ཁང་འཛུགས་སྐྲུན་ལས་གཞི། རྨ་ཆུའི་རིག་གནས་སྤྱི་གླིང་མཚོ་ལྷོ་བར་མཚམས་ཀྱི་རྫོང་རུ་གནས་ཤུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་སོགས་འདུ། དེ་ལས་གཞན་ད་དུང་ཉིང་རྡུལ་མཚོན་ཆ་ཐོག་མ་ཞིབ་འཇུག་བཟོ་སྐྲུན་རྟེན་གཞིའི་གནས་རྙིང་སོགས་རྒྱལ་ཡོངས་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་ལས་གཞི་དང་ཨ་མྱེས་སྟོང་སོ་ལྗོངས་རྒྱུ་ཁུལ་གྱི་གནས་སྐོར་ཐད་ཀྱི་རྨང་གཞི་སྒྲིག་ཆས་སོགས་གནས་སྐོར་ཡུལ་ལྗོངས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་བཞི་དང་ལས་གཞི་གཞན་པ་ཡོད།

ལས་གཞི་དེ་དག་ལག་བསྟར་བྱས་ཚེ། རང་ཞིང་གི་ལྕགས་རི་རིང་བོ་དང་རྒྱང་སྐྱོད། རྨ་ཆུ་སོགས་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཆེན་པོའི་འཛུགས་སྐྲུན་ཐད་སྐུལ་འདེད་གཏོང་ཐུབ་པ་དང་། ཤུལ་བཞག་ཐོན་ཁུངས་སྲུང་སྐྱོབ་ཆུ་ཚད་དང་གཞི་གྲངས་ཅན་གྱི་འགྲེམ་སྟོན་ཆུ་ཚད་མཐོར་འདེགས་གཏོང་བ། རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་པར་ཕན་པ་ཡོད་པ་དང་། ལྗོངས་རྒྱུ་ཁུལ་གཙོ་བོའི་གནས་སྐོར་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་སྒྱུར་བྱེད་པ་སོགས་བྱས་ནས། མཚོ་སྔོན་མཐོ་སྒང་གི་ལོ་རྒྱུས་རིག་གནས་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།