ཉེ་ལམ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཤིང་། ཉིས་སྟོང་ཉེར་གཅིག་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་གཅིག་གྱུར་སྒོས་སྒོར་ལྔ་ཇེ་མཐོར་གཏོང་རྒྱུ་དང་། བསྡོམས་པས་སྒོར་གྱ་གཞི་ལ་བསླེབས་ཤིང་དེ་རྒྱལ་ཁབ་ཀྱི་ཚད་གཞི་ལས་སྒོར་ལྔ་ཡིས་མཐོ་བས། རྒྱ་ཆེའི་གྲོང་གསེབ་སྡོད་དམངས་ཀྱིས་སྔར་ལས་སྟབས་བདེ་དང་སྤུས་ཚད་མཐོ་བའི་བདེ་ཐང་དོ་དམ་ཞབས་ཞུ་ལོངས་སུ་སྤྱོད་ཐུབ།
ལོ་མང་པོའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་གཞི་དེ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། རང་ཞིང་གི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་། འཕྲོད་བསྟེན་ཞབས་ཞུའི་མ་རྩ་མཐོ་ཞིང་མང་ཚོགས་བདེ་ཐང་གི་དགོས་མཁོ་སྣ་མང་ཡིན་པའི་དོན་དངོས་ལ་དམིགས་ཏེ། དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་ཁ་གསབ་ཚད་གཞི་ལས་མཐོ་བའི་ལས་གཞིའི་མ་དངུལ་བཀོད་སྒྲིག་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། སྟོབས་ཤུགས་གང་ཡོད་བཏོན་ནས་གྲོང་གསེབ་སྡོད་དམངས་ལ་འདྲ་མཉམ་དང་ཆ་སྙོམས་ཀྱི་བདེ་ཐང་དོ་དམ་ཞབས་ཞུ་ཐོབ་པ་འགན་སྲུང་བྱས། བསྡོམས་རྩིས་བྱས་པ་བརྒྱུད། ཀྲུང་དབྱང་དང་རང་ཞིང་གི་ནོར་སྲིད་ལས་གཞི་སྣ་ཚོགས་ཀྱི་མ་དངུལ་བཏང་ཚད་དེ་ཉིས་སྟོང་དགུ་ལོའི་སྒོར་བྱེ་བ་བརྒྱད་དང་ས་ཡ་གསུམ་ནས་ཉིས་སྟོང་ཉེར་གཅིག་ལོའི་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་ལ་འཕར་སྣོན་བྱུང་བ་དང་། བསྡོམས་པས་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་བྱེ་བ་ལ་བསླེབས།
བཀྲ་ཤིས་འབུམ་གྱིས་བསྒྱུར།