ཟླ་བཅུ་པའི་ཚེས་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྟོན་དུས་ཆེན་གྱི་ཉིན་དང་པོའི་ནང་དུ་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་འབུམ་གཉིས་དང་ཁྲི་དགུ་སྣེ་ལེན་བྱས་ཏེ། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་བཙལ་བ་དང་། དེ་ན་ནིང་དང་བསྡུར་ན་ཅུང་ཙམ་ཇེ་མཐོར་ཕྱིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྟོན་དུས་ཆེན་གྱི་ཉིན་དང་པོའི་ནང་དུ་ཞིང་ཆེན་ཡོངས་ཀྱི་ལྗོངས་རྒྱུ་ས་ཁུལ་སོ་སོས་བརྟན་འཇགས་དང་གོ་རིམ་ལྡན་པའི་ངང་ཡུལ་སྐོར་པ་སྣེ་ལེན་བྱས། མཚོ་སྔོན་པོ་ལྗོངས་རྒྱུ་ས་ཁུལ་གྱིས་ཡུལ་སྐོར་པ་སྟོང་གཉིས་དང་བརྒྱད་བརྒྱ་ཉེར་དགུ་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་འབུམ་གཅིག་དང་ཁྲི་བརྒྱད་ལྷག་བཙལ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་སྐུ་འབུམ་དགོན་པས་ཡུལ་སྐོར་པ་སྟོང་བཞི་དང་ལྔ་བརྒྱ་ཉི་ཤུ་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དགུ་ལྷག་བཙལ། ཟི་ལིང་གྲོང་ཁྱེར་ཞིན་ཧྭ་ལེན་ཐུང་མིན་ལི་ཡོན་གྱིས་ཡུལ་སྐོར་པ་སྟོང་བཞི་དང་བཞི་བརྒྱ་གོ་དྲུག་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་བརྒྱད་ལྷག་བཙལ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝེ་ཡོན་གྲོང་རྡལ་གྱི་ཧུའུ་ཀྲུའུ་ཧོར་རིགས་སྤྲོ་སྐྱིད་གླིང་གིས་ཡུལ་སྐོར་པ་སྟོང་གཅིག་དང་བདུན་བརྒྱ་ང་གཉིས་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་འབུམ་གསུམ་དང་ཁྲི་ལྔ་ལྷག་བཙལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་ཚྭ་ཁ་ཚྭ་མཚོ་ལྗོངས་རྒྱུ་ས་ཁུལ་གྱིས་ཡུལ་སྐོར་པ་སྟོང་ལྔ་དང་སུམ་བརྒྱ་སོ་གཉིས་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་འབུམ་གསུམ་དང་ཁྲི་བཞི་ལྷག་བཙལ།
བན་དེ་སྐྱབས་ཀྱིས་བསྒྱུར།