རྒྱལ་སྟོན་གུང་གསེང་གི་ཉིན་གཉིས་པར་རྒྱལ་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བརྟན་བརླིང་ཡིན་ཞིང་གོ་རིམ་ལྡན།
2021.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

གསར་འགོད་པས་ཚེས་གཉིས་ཉིན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་སྟོན་གུང་གསེང་གི་ཉིན་གཉིས་པར། རྒྱལ་ཡོངས་ཀྱི་གཞུང་ལམ་གཙོ་བོའི་འགྲིམ་འགྲུལ་གྱི་ཚད་ཧ་ཅང་མཐོ་བ་དང་། དུས་ཚོད་བཅུ་བདུན་བར་དུ། རྒྱལ་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་བབ་བརྟན་བརླིང་ཡིན་ལ། དུས་ཡུན་རིང་བོ་དང་གཞི་ཁྱོན་ཆེན་པོས་ལམ་ཁེགས་པའི་གནས་ཚུལ་མ་བྱུང་བ་དང་། མི་ལྔའི་ཡན་རྐྱེན་ལམ་དུ་ཤོར་བའི་བགྲོད་ལམ་འགྲིམ་འགྲུལ་ཆག་སྒོ་བྱུང་བའི་གནས་ཚུལ་གཅིག་ཀྱང་མ་འབྱོར་ཟེར།

ཚེས་གཉིས་ཉིན། གྲོང་ཁྱེར་ཆེན་པོ་ཁ་ཤས་ཀྱི་ཕྱིར་འགྲོ་སའི་ལམ་དང་གྲོང་འདབས་ས་ཁུལ། ཡུལ་སྐོར་ལྗོངས་རྒྱུའི་ཁུལ་གྱི་མཐའ་འཁོར་བཅས་སུ་རླངས་འཁོར་མང་པོ་འཛོམས་ལ། ལྷག་པར་དུ་པེ་ཅིང་གི་མཐའ་སྐོར་དང་། ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་། ཁྲིན་ཏུའུ་དང་ཁྲུང་ཆིན་ས་ཁུལ་བཅས་ཀྱི་ལམ་གཙོ་བོ་དག་གི་གནོན་ཤུགས་ཇེ་ཆེར་སོང་ནས། གྲལ་སྒྲིག་སྟེ་དལ་གྱིས་སྐྱོད་དགོས་པ་བྱུང་། ས་ཁུལ་སོ་སོའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རིམ་པ་མཐོ་བའི་ལས་རེས་སྤེལ་ནས། སྐོར་གཡེང་དོ་དམ་ཇེ་དྲག་ཏུ་བཏང་བ་དང་། བཀོད་འདོམས་ལམ་སྟོན་ལ་ཤུགས་བསྣན་ཞིང་། དྲིལ་སྒྲོག་གསལ་འདེབས་རྒྱ་ཆེར་བྱས་ནས། མང་ཚོགས་བདེ་འཇགས་དང་བདེ་བླག་ངང་ཕྱིར་སྐྱོད་པར་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱས།

ཚེས་གསུམ་ཉིན་ནི་གུང་གསེང་གི་ཉིན་གསུམ་པ་ཡིན་ལ། ཚོད་དཔག་བྱས་ཚེ་ས་ཁུལ་ཁ་ཤས་དང་གྲོང་ཁྱེར་མཐའ་སྐོར་གྱི་གཞུང་ལམ་དང་ལྗོངས་ཁུལ་དུ་འགྲོ་སའི་ལམ་དུ་རླངས་འཁོར་སྔར་བཞིན་མང་སྲིད། གཞན་ཡང་ཀྲུང་དབྱང་གནམ་གཤིས་རྟོག་དཔྱོད་ཁང་གིས་སྔོན་བརྡ་བཏང་བ་ལྟར་ན། ཚེས་གསུམ་ཉིན་ནས་བཟུང་བྱང་ཕྱོགས་ས་ཁུལ་དུ་བསྟུད་མར་དྲག་ཆར་འབབ་རྒྱུ་ཡིན་པས། གུང་གསེང་གི་འགྲུལ་བཞུད་ལ་བར་ཆད་བྱེད་ཀྱང་སྲིད་ཟེར།

སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡིས་གསལ་འདེབས་བྱེད་རྒྱུར། གུང་གསེང་དུ་ཕྱིར་འགྲོ་ན་ཁྲིམས་བརྩིས་ནས་རླངས་འཁོར་བསྐོར་བ་དང་། བདེ་འཇགས་ཀྱིས་རླངས་འཁོར་བསྐོར་བ། གུས་ལུགས་དང་ལྡན་པར་རླངས་འཁོར་བསྐོར་བ་བཅས་བྱེད་དགོས་པ་ལས། ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་དང་། ངལ་དུབ་ཀྱིས་རླངས་འཁོར་བསྐོར་བ། རླངས་འཁོར་ནང་དུ་མི་འདྲུད་ཚད་བརྒལ་བ་བཅས་བྱེད་མི་རུང་ཞིང་། རང་རྟོགས་ཀྱིས་སྲུང་ཐག་རྒྱག་དགོས། གལ་ཏེ་ལམ་ཁེགས་ཚེ། གྲལ་སྒྲིག་ནས་གོ་རིམ་དང་ལྡན་པར་བགྲོད་དགོས་པ་ལས་རླངས་འཁོར་གཞན་དག་གི་བར་དུ་འཛུལ་བ་དང་། རླངས་འཁོར་གཞན་པའི་ལམ་འགོག་པ། མྱུར་སྐྱོབ་བགྲོད་ལམ་དུ་བསྐྱོད་པ་སོགས་བྱེད་མི་རུང་། འགྲུད་བཞུད་ཀྱི་དུས་ཚོད་དང་ལམ་ཐིག་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ་དང་། འགྲུལ་བཞུད་གསལ་འདེབས་ཆ་འཕྲིན་དང་ནམ་ཟླའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ། ཆར་སྨུག་སོགས་ཀྱི་ནམ་ཟླ་ངན་པར་འཕྲད་ཚེ། གཟབ་ནན་གྱིས་རླངས་འཁོར་བསྐོར་ནས་དལ་གྱིས་བསྐྱོད་པ་དང་། བར་ཐག་ངེས་ཅན་འཇོག་པ། གློག་བཀར་བ་བཅས་བྱས་ཏེ་འགྲིམ་འགྲུལ་ཆག་སྒོ་མི་འབྱུང་བར་བྱེད་དགོས་ཟེར།

ཕྱུག་ལོས་བསྒྱུར།