ཀྲུང་གོའི་མཁའ་འགྲུལ་འགྲེམ་སྟོན་སྐབས་བཅུ་གསུམ་པ་མཇུག་བསྒྲིལ། 
2021.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཀྲུང་གོའི་མཁའ་འགྲུལ་འགྲེམ་སྟོན་སྐབས་བཅུ་གསུམ་པ་ཚེས་གསུམ་ཉིན་མཇུག་བསྒྲིལ་བ་དང་། ཚོགས་ཡུན་ཉིན་དྲུག་ཡིན་པའི་མཁའ་འགྲུལ་འགྲེམ་སྟོན་ལ་བསྡོམས་པས་མི་འབུམ་གཉིས་དང་ཁྲི་གཉིས་ལྷག་གིས་ལྟ་སྐོར་བྱས་ཡོད་ལ། དེའི་ནང་ཉིན་གསུམ་གྱི་མང་ཚོགས་ལ་ཁ་གཏད་པའི་འགྲེམ་སྟོན་ཁང་དུ་བསྡོམས་པས་རྒྱལ་ཡོངས་ས་ཁུལ་སོ་སོའི་ལྟད་མོ་བ་འབུམ་གཅིག་དང་ཁྲི་གཉིས་བསུས་ཡོད། 

སྐབས་འདིའི་མཁའ་འགྲུལ་འགྲེམ་སྟོན་ལ་བསྡོམས་པས་དྲ་ཐོག་དང་ཡུལ་དངོས་སུ་རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ལྷག་གི་ཁེ་ལས་བདུན་བརྒྱ་ཙམ་གྱི་འགྲེམ་སྟོན་དངོས་རྫས་སྟོང་ཕྲག་འགའ་ཞུགས་ཡོད་པ་དང་། འགྲེམ་སྟོན་ཁང་གི་ཁ་གྲངས་སྐབས་སྔོན་མའི་བརྒྱད་ནས་བཅུ་གཅིག་ཏུ་ཇེ་མང་ལ་སོང་ཡོད། འགྲེམ་སྟོན་བྱས་པའི་གནམ་གྲུ་བརྒྱ་དང་བདུན་ཡོད་ལ། དེའི་ནང་རང་རྒྱལ་ཁབ་ཀྱིས་ཐོན་སྐྱེད་བྱས་པའི་ཐོན་རྫས་གསར་བ་དང་ལག་རྩལ་གསར་བ། གྲུབ་འབྲས་གསར་བ་སྐོར་ཞིག་ཐོག་དང་པོར་ཡོངས་བསྒྲགས་བྱས་པ་རེད། མཁའ་འགྲུལ་འགྲེམ་སྟོན་གྱི་སྐབས་སུ་གྲོས་མཐུན་བཀོད་ཚད་ཀྱི་སྒོར་གྲངས་མེ་སྒོར་ཐེར་ཆེན་གཅིག་ལས་བརྒལ་ཡོད། 

མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོའི་མཁའ་འགྲུལ་འགྲེམ་སྟོན་སྐབས་བཅུ་བཞི་པ་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་ཀྲུའུ་ཧེ་ནས་སྤེལ་རྒྱུ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།