ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྤུས་ཚད་ཚོད་འཛིན་ལྟེ་གནས་དུ་མ་བཙུགས་པའི་ཁྲོད་དུ། ཞིང་ཆེན་རིམ་པའི་ཚོད་འཛིན་ལྟེ་གནས་གཉིས་དང་གྲོང་ཁྱེར་དང་ཁུལ་རིམ་པའི་ཚོད་འཛིན་ལྟེ་གནས་བཅུ་ཡོད་ཅིང་། སྤུས་ཚད་ཚོད་འཛིན་ལྟེ་གནས་སོ་སོའི་མངའ་འོག་ཏུ་སྨན་བཅོས་དང་ནད་ཐོ་སོགས་ཆེད་ལས་སྤུས་ཚད་ཚོད་འཛིན་ཚན་ཁག་བཙུགས་ཏེ། ཞིང་ཆེན་ཡོངས་སུ་ཞིང་ཆེན་དང་གྲོང་ཁྱེར། ཁུལ་རིམ་པ་བཅས་ཀྱི་བོད་ལུགས་དང་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་ཚོད་འཛིན་ལྟེ་གནས་མ་ལག་ཁྱོན་ཡོངས་ནས་ཁེབས་ཐུབ་པ་བྱུང་།
མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་ཞེས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལ་རོགས་སྐྱོར་དང་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞེས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད་དང་། རང་རེའི་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྤུས་ཚད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྤུས་ཚད་དོ་དམ་དང་ཚོད་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་ཆེད། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་པར་ཞིང་ཆེན་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྤུས་ཚད་ཚོད་འཛིན་ལྟེ་གནས་བཙུགས་ཏེ། སྤུས་ཚད་ཚོད་འཛིན་ལྟེ་གནས་ཁག་ཏུ་སྨན་བཅོས་དང་ནད་ཐོ། སྨན་དོན་བཅས་ཀྱི་ཆེད་ལས་སྤུས་ཚད་ཚོད་འཛིན་ཚན་ཆུང་བཙུགས་པར་མ་ཟད། ཆེད་མཁས་པའི་རྩ་འཛུགས་ཀྱིས་འབྲེལ་ཡོད་སྤུས་ཚད་ཚོད་འཛིན་གྱི་ཚད་གཞི་དང་ལས་ཀའི་ལམ་ལུགས་ལ་འཆར་ཟིན་བཀོད། ཉིས་སྟོང་ཉི་ཤུ་ལོར། ཞིང་ཆེན་ཡོངས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྤུས་ཚད་ཞིབ་བཤེར་ལས་དོན་ཐོག་མ་སྤེལ་ནས། ཞིབ་བཤེར་ཁྱབ་ཁོངས་སུ་ཀྲུང་ལུགས་གསོ་རིག་སྨན་ཁང་བཅུ་གཉིས་དང་བོད་ལུགས་གསོ་རིག་སྨན་ཁང་བཅུ་དྲུག ཕྱོགས་བསྡུས་གསོ་རིག་སྨན་ཁང་གཉིས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལྔ་བཅས་ཚུད་ཡོད།
ད་ལོར། ཞིང་ཆེན་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྤུས་ཚད་ཚོད་འཛིན་ལྟེ་གནས་ཀྱིས་ཆེད་མཁས་པ་རྩ་འཛུགས་ཐེངས་མང་བྱས་ཏེ། སྤུས་ཚད་ཚོད་འཛིན་གྱི་ཚད་གཞིར་ཞིབ་འཇུག་དང་གྲོས་བསྡུར། སྔར་ལས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་བརྒྱུད། གཞི་ནས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་སྤུས་ཚད་ཚོད་འཛིན་ཚད་གཞི(2021ལོའི་པར་གཞི)སོགས་སྤུས་ཚད་ཚོད་འཛིན་གྱི་ཚད་གཞི་དྲུག་གྲུབ་པར་བྱས་ནས་དཔར་འགྲེམས་ལག་བསྟར་བྱས། དུས་མཚུངས་སུ་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྤུས་ཚད་ཚོད་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་ཆེད། ད་ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པ་སོ་སོས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྤུས་ཚད་ཚོད་འཛིན་ལྟེ་གནས་སྔ་རྗེས་སུ་བཙུགས་ནས། ཆེད་ལས་ཅན་གྱི་སྤུས་ཚད་ཚོད་འཛིན་ཚོགས་པ་བཙུགས་པར་མ་ཟད། ཞིང་ཆེན་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྤུས་ཚད་ཞིབ་བཤེར་ལས་དོན་ནང་ཞུགས་ཏེ། ཞིང་ཆེན་རིམ་པའི་ཆེད་མཁས་པ་དང་མཉམ་ལས་ཀྱིས་སྤུས་ཚད་ཚོད་འཛིན་ལས་དོན་གྱི་བརྒྱུད་རིམ་དང་གཙོ་གནད་ཁོང་དུ་ཆུད་པར་བྱས་ནས། གྲོང་ཁྱེར་དང་ཁུལ་རིམ་པའི་སྤུས་ཚད་ཚོད་འཛིན་སྐོར་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་རྨང་གཞི་བཏིངས། རྗེས་མར་ཞིང་ཆེན་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྤུས་ཚད་ཚོད་འཛིན་ལྟེ་གནས་ཀྱི་འཆར་གཞི་དེས་སྨན་བཅོས་སྤུས་ཚད་ཞིབ་བཤེར་བྱས་འབྲས་ལ་གཞི་བཅོལ་ནས་སྤུས་ཚད་ཚོད་འཛིན་གྱི་འབྲེལ་ཡོད་ཚད་གཞིར་སྔར་ལས་བཟོ་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ཡིན་པར་མ་ཟད། གྲོང་ཁྱེར་དང་ཁུལ་རིམ་པའི་སྤུས་ཚད་ཚོད་འཛིན་ལྟེ་གནས་ཀྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྤུས་ཚད་ཚོད་འཛིན་ཚད་གཞི་བཟོ་རྒྱུར་མཛུབ་སྟོན་བྱེད་རྒྱུ་རེད། དུས་མཚུངས་སུ། སྨན་བཅོས་སྤུས་ཚད་ཚོད་འཛིན་གྱི་ལས་དོན་དེ་གཞུང་གཉེར་སྨན་ཁང་གི་ཕན་འབྲས་ལ་དཔྱད་ཞིབ་བྱེད་པ་དང་སྨན་ཁང་གི་རིམ་པར་ཞིབ་དཔྱད་བྱེད་པ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས། དཔྱད་ཞིབ་དང་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྨན་བཅོས་ལམ་ལུགས་གཙོ་བོ་དོན་འཁྱོལ་དང་ནད་གཞིའི་དོ་དམ་ལམ་ལུགས་དོན་འཁྱོལ་ལ་ཤུགས་སྣོན་པ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྫས་དོ་དམ་ལ་ཤུགས་སྣོན་པ་བཅས་ལ་སྐུལ་འདེད་བཏང་ནས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།