མཚོ་སྔོན་གྱིས་ཁྲིམས་སྐྱོང་གི་གྲོང་གསེབ་འཛུགས་སྐྲུན་ལས་དོན་རྨང་རྐང་བརྟན་པོའི་ངང་སྤེལ།
2021.10.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

གསར་འགོད་པས་ཟླ་དགུ་པའི་ཚེས་ཉེར་བདུན་ཉིན་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཤུགས་ཆེན་པོས་ཁྲིམས་སྐྱོང་གི་གྲོང་གསེབ་འཛུགས་སྐྲུན་ལས་དོན་སྤེལ་ནས། ཞིང་འབྲེལ་ཁྲིམས་འཛུགས་དང་སྲིད་འཛིན་ཁྲིམས་འཛིན། ཁྲིམས་འཛིན་འགན་ལེན། ཁྲིམས་ལུགས་ཁྱབ་བརྡལ། ཁྲིམས་ལྟར་བཅོས་སྐྱོང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་བསྣན་ཏེ། ཁྲིམས་སྐྱོང་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ལས་དོན་མྱུར་བགྲོད་ཚད་རིམ་དུ་སླེབས་ཡོད། ཁྱད་པར་དུ་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་བཅའ་ཁྲིམས་ཁྱབ་བརྡལ་བྱ་བར་ཤུགས་སྣོན་དང་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་བསྐྲུན་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་དེ། གྲོང་གསེབ་ཀྱི་ཁྲིམས་ལུགས་ཁྱབ་བརྡལ་དང་ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་། མིག་སྔར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་རྒྱལ་ཁབ་རིམ་པའི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་ང་ལྔ་དང་ཞིང་ཆེན་རིམ་པའི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་ཉིས་བརྒྱ་ཉེར་བརྒྱད་བཙུགས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཞིང་ལས་ཁྱབ་ཁོངས་དང་འབྲེལ་བའི་གནད་དོན་ཚ་ཤོས་དང་གནད་དོན་དཀའ་ཤོས། རོང་འབྲོག་མང་ཚོགས་ཀྱི་རིགས་སོ་སོའི་བཅའ་ཁྲིམས་དགོས་མཁོ་བཅས་དཀྱིལ་སྙིང་དུ་བཟུང་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་ཏང་གི་ཞིང་ལས་སྲིད་ཇུས། རྩ་ཁྲིམས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལ་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱ་རྒྱུ་དེ་ཁྲིམས་འཛིན་དང་དོ་དམ་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། བཅའ་ཁྲིམས་གྲོང་གསེབ་ཏུ་ཁྱབ་བརྡལ་གཏོང་བ་ཞེས་པའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་། ལོ་གཅིག་གི་རིང་ལ་ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱེད་པ་དང་རྩ་ཁྲིམས་གྲོང་གསེབ་ཏུ་ཁྱབ་བརྡལ་གཏོང་བ། དམངས་དོན་ཁྲིམས་གཞུང་གཞི་རིམ་དུ་བསྐྱོད་པ་སོགས་ཁྲིམས་ལུགས་ཁྱབ་བརྡལ་དུ་གཏོང་བའི་གཅིག་སྡུད་སྒྲོག་འགྲེལ་བྱེད་སྒོ་ཐེངས་སྟོང་གཉིས་བརྒྱ་དང་བདུན་ཅུ་ལྷག་ཙམ་སྤེལ་ནས། མང་ཚོགས་ཁྲི་ས་ཡ་གསུམ་ལྷག་ཙམ་ལ་སློབ་གསོ་ཐོབ།  ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་གཏན་སྡོད་སྡེ་བའི་ཁྲིམས་སྐྱོང་དྲིལ་སྒྲོག་ལེ་ཚན་ལྔ་སྟོང་བདུན་བརྒྱ་ང་དགུ་བསྒྲུབས་པ་དང་། རིམ་རྩིས་བྱས་ན་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱེད་སྒོ་ཐེངས་བཞི་སྟོང་བཞི་བརྒྱ་ང་གཉིས་སྤེལ། དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་བསྐྲུན་པའི་ལས་དོན་གཏིང་ཟབ་སྤེལ་ཏེ། མིང་ཐོབ་ཟིན་པའི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བར་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་ལ་ཤུགས་སྣོན་པ་དང་དུས་ཡུན་ངེས་གཏན་ནང་དུ་བསྐྱར་ཞིབ་རྩ་འཛུགས་དང་འགུལ་རྣམ་དོ་དམ་བྱེད་དགོས།

མ་འོངས་པར་རང་རེའི་ཞིང་ཆེན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་དང་། ནད་དོན་ཁྲིད་ཕྱོགས་དང་དམིགས་ཚད་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཞན་ཆ་དུས་ལྟར་གསབ་པ། དྲག་ཞན་སྙོམ་པ། མཐོར་འདེགས་གཏོང་བར་སྐུལ་འདེད་བཅས་རྒྱུན་འཁྱོངས་་བྱས་ནས། ཞིང་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་དང་ཁྲིམས་ལག་ལེན་དུ་བསྟར་བ། ཁྲིམས་འཛིན། ཁྲིམས་སྲུང་བཅའ་ཁྲིམས་ཁྱབ་བརྡལ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་མཐར། གྲོང་གསེབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ནས། ཁྲིམས་སྐྱོང་གི་གྲོང་གསེབ་འཛུགས་སྐྲུན་ལ་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།