ལྕགས་ལམ་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་བཀོལ་རྡོ་སོལ་གྱི་མཁོ་འདོན་སྐྱེལ་འདྲེན་བྱ་བ་བཟང་བོར་བསྒྲུབས།
2021.10.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

གསར་འགོད་པས་ཚེས་ལྔ་ཉིན་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་ལྕགས་ལམ་སྟེང་རྡོ་སོལ་འདྲུད་པའི་རྐང་འཛིན་ནུས་པ་ལེགས་པར་བཏོན་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་དང་དྲོད་འདོན་པར་བཀོལ་པའི་རྡོ་སོལ་མཁོ་འདོན་སྐྱེལ་འདྲེན་བྱ་བ་སྟོབས་ཤུགས་ཡོད་རྒུས་བཟང་བོར་བསྒྲུབས་ཏེ། རྒྱལ་དམངས་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་སྐྱེལ་འདྲེན་གྱི་འགན་སྲུང་ཧུར་ཐག་གིས་འདོན་སྤྲོད་བྱས།

གཅིག གློག་འདོན་ས་ཚིགས་སུ་ཉིན་བདུན་ཡན་གྱི་རྡོ་སོལ་གསོག་པར་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱས། ལྕགས་ལམ་སྡེ་ཚོགས་ཀུང་ཟི་སོ་སོ་དང་ས་གནས་སྲིད་གཞུང་གི་དཔལ་འབྱོར་འཁོར་སྐྱོད་སྡེ་ཁག་གིས་ཉིན་རེའི་འབྲེལ་འདྲིས་རྐྱེན་སྲོལ་བཙུགས་པ་དང་། ཆེད་དམིགས་རྩིས་ཐོ་ལས་ཏེ། ཉིན་བདུན་གྱི་རྡོ་སོལ་གསོག་ཚད་མི་འདང་བའི་གློག་འདོན་ས་ཚིགས་ལ་རྡོ་སོལ་གྱི་འདོན་སྤྲོད་དང་གསོག་འཇོག འཛད་སྤྱོད་བཅས་ཀྱི་གནས་ཚུལ་དང་སྐྱེལ་འདྲེན་གྱི་དགོས་མཁོའི་ཐད་ནས་ཉིན་རེ་རེར་སྦྲེལ་མཐུད་བྱས། རྒྱལ་ཡོངས་ཀྱི་ལྕགས་ལམ་སྟེགས་གཅིག་ཅན་དང་དྲ་གཅིག་ཅན་གྱི་ཁྱད་སྟོབས་བཏོན་ནས། གཅིག་གྱུར་གྱི་མཐུན་སྦྱོར་དང་བཀོད་སྒྲིག་བཀོད་འདོམས་ལ་ཤུགས་བསྣན་ཏེ། རྡོ་སོལ་གྱི་ཡོང་ཁུངས་དོན་འཁྱོལ་བྱས་པ་དང་སྐྱེལ་འདྲེན་གྱི་དགོས་མཁོ་བཤད་པའི་གློག་འདོན་ས་ཚིགས་རྣམས་ལ་སྟོབས་ཤུགས་ཡོད་རྒུས་རྡོ་སོལ་སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱས། མིག་སྔར་རྒྱལ་ཡོངས་ཀྱི་ལྕགས་ལམ་སྟེང་ཐད་ཀར་དུ་རྡོ་སོལ་འདོན་སྤྲོད་བྱེད་པའི་གློག་འདོན་ས་ཚིགས་ཀྱི་ཆ་སྙོམས་རྡོ་སོལ་གསོག་ཚད་ཉིན་བཅུ་བཞི་དང་ཕྱེད་ཀར་སླེབས་ཡོད།

གཉིས། བྱང་ཤར་ས་ཁུལ་གྱི་གློག་བཀོལ་རྡོ་སོལ་མེ་འཁོར་དུ་བརྩིགས་པའི་ནུས་ཤུགས་ཇེ་ཆེར་བཏང་། བྱང་ཤར་གྱི་ས་ཁུལ་ཁ་ཤས་སུ་དྲོད་འདོན་འགོ་བརྩམས་པའི་དོན་དངོས་ལ་དམིགས་ནས། བྱང་ཤར་ས་ཁུལ་དུ་རྡོ་སོལ་འདྲུད་པའི་མེ་འཁོར་དེ་འགན་སྲུང་གི་གཙོ་གནད་དུ་བརྩིས་ནས་མེ་འཁོར་དུ་རྡོ་སོལ་བརྩིགས་པར་རྩ་འཛུགས་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་། ཅི་ཉིང་ནས་ཐུང་ལེའོ་དང་། ཞི་ལིན་ཧའོ་ཐི་ནས་ཝུའུ་ལན་ཧའོ་ཐི་བར་གྱི་ལྕགས་ལམ་གྱི་ནུས་པ་ལེགས་པར་བཀོལ་ནས། ནང་སོག་གི་དབུས་རྒྱུད་ནས་བྱང་ཤར་ས་ཁུལ་ལ་ཐད་ཀར་གློག་བཀོལ་རྡོ་སོལ་སྐྱེལ་བའི་དགོས་མཁོ་སྔོན་ལ་བསྐངས། མན་ཀྲིག་ལེ་དང་སུའེ་ཧྥིན་ཧི་སོགས་མཐའ་མཚམས་འགག་སྒོའི་ས་ཚིགས་ཀྱི་སྐྱེལ་འདྲེན་རྩ་འཛུགས་ལ་ཤུགས་བསྣན་ནས། ནང་འདྲེན་བྱས་པའི་རྡོ་སོལ་མྱུར་དུ་ཁེགས་མེད་ངང་སྐྱེལ་བར་འགན་སྲུང་བྱས། ལྕགས་ལམ་དང་མཚོ་ལམ་གྱི་མཉམ་འབྲེལ་སྐྱེལ་འདྲེན་དང་། ཐུང་ལེའོ་དང་ཧོ་ལིན་གོ་ལི་ས་ཁུལ་གྱི་རྡོ་སོལ་སྐྱེལ་འདྲེན་རྩ་འཛུགས་ལ་ཤུགས་བསྣན་ནས། ཐབས་བརྒྱ་ཇུས་སྟོང་གིས་རྡོ་སོལ་སྐྱེལ་ཚད་ཇེ་མཐོར་བཏང་། པེ་ཅིང་ནས་ཧ་ཨར་པེན་དང་། ཅི་ཉིང་ནས་ཐུང་ལེའོ་བར་གྱི་ལྕགས་ལམ་གཉིས་ཀྱི་འགྲུལ་སྐྱེལ་དང་དངོས་སྐྱེལ་མེ་འཁོར་ལ་འགུལ་རྣམ་བཀོད་སྒྲིག་བྱས་ཏེ། རྡོ་སོལ་སྐྱེལ་འདྲེན་གྱི་མེ་འཁོར་ཇེ་མང་དུ་བཏང་།

གསུམ། དགུན་ཁའི་གློག་དང་དྲོད་འདོན་པར་བཀོལ་བའི་རྡོ་སོལ་མཁོ་འདོན་བྱ་བ་སྔོན་ལ་སྒྲུབ་འགོ་བརྩམས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རྡོ་སོལ་མཁོ་འདོན་དགོས་མཁོར་དམིགས་ནས། དགུན་ཁའི་གློག་དང་དྲོད་འདོན་པར་བཀོལ་བའི་རྡོ་སོལ་མཁོ་འདོན་བྱ་བ་སྔོན་ལ་སྒྲུབ་འགོ་བརྩམས། ཐའེ་ཡོན་དང་ཧུའུ་ཧི་ཧའོ་ཐི། ཞི་ཨན། ཝུའུ་ལུའུ་མུའུ་ཆི་སོགས་རྡོ་སོལ་ཐོན་ས་གཙོ་བོའི་ལྕགས་ལམ་ཅུའུ་སྡེ་ཚོགས་ཀུང་ཟི་ལ་རྡོ་སོལ་སྐྱེལ་བའི་མེ་འཁོར་སྟོང་བ་མངགས་པར་ཤུགས་བསྣན་ནས། གློག་དང་དྲོད་འདོན་པར་བཀོལ་བའི་རྡོ་སོལ་དམིགས་བསལ་གྱིས་བརྩིགས་པ་དང་སྐྱེལ་ནས། དྲོད་འདོན་པའི་དུས་ཚོད་མ་ཐོན་གོང་ས་ཁུལ་གཙོ་བོ་དང་གློག་འདོན་ས་ཚིགས་གཙོ་བོའི་རྡོ་སོལ་གསོག་པའི་ཆུ་ཚད་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱས། ས་གནས་སྲིད་གཞུང་དང་གློག་ཤུགས་ཁེ་ལས་ཀྱིས་འཕྲལ་བསྟུན་མཁོ་འདོན་གྱི་དགོས་མཁོ་བཏོན་པར་དམིགས་ནས། གློག་བཀོལ་རྡོ་སོལ་གྱི་འཕྲལ་བསྟུན་མཁོ་འདོན་རྐྱེན་སྲོལ་ལག་བསྟར་བྱས་པ་དང་། བཀོད་སྒྲིག་གི་བཀའ་མྱུར་དུ་བབས་ནས་གཙོ་གནད་མཁོ་འདོན་སྐྱེལ་འདྲེན་བྱ་བ་བསྒྲུབས།

ཕྱུག་ལོས་བསྒྱུར།