ཟླ་དགུ་པའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་ཚོགས་ཆེན་སྟེང་ནས་ཤེས་གསལ་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སློབ་གསོའི་གྲོན་དངུལ་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ་དགུ་དུང་ཕྱུར་བདུན་ལྷག་བཀོད་སྒྲིག་བྱས་ཡོད་ཅིང་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆའི་དྲུག་དང་གྲངས་ཆུང་གཉིས་ཟིན། དེའི་ནང་ལས་རིགས་སློབ་གསོའི་ཐད་བཏང་བའི་མ་དངུལ་རིམ་རྩིས་བྱས་ན་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་དགུ་ཟིན་པ་དེས་སློབ་གསོ་སྤྱིའི་གཏོང་སྒོའི་བརྒྱ་ཆའི་དགུ་དང་གྲངས་ཆུང་དགུ་ཟིན་པས། དེ་ནི་འོས་འགན་སློབ་གསོ་ལས་གཞན་མ་དངུལ་གཏོང་ཚད་ཆེ་ཤོས་གཉིས་པ་ཡིན་ལ། མ་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་གསུམ་འཕར་ཡོད། ཉིས་སྟོང་ཉི་ཤུ་ལོར་མཚོ་སྔོན་ཞིང་ཆེན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཚང་མར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སློབ་གསོའི་འགྲོ་གྲོན་སྒོར་ཁྲི་གཅིག་དང་སྟོང་དགུ་ཉིས་བརྒྱ་ཡིན་པ་དང་། འགྲོ་གྲོན་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ། མཐོ་རིམ་ལས་རིགས་དང་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཚང་མར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སློབ་གསོའི་འགྲོ་གྲོན་སྒོར་ཁྲི་བཞི་དང་སྟོང་ལྔ་བརྒྱ་ཡིན་ལ། འགྲོ་གྲོན་དེ་རྒྱལ་ཡོངས་ཀྱི་ཨང་གསུམ་པ་དང་ནུབ་བྱང་གི་ཨང་དང་པོར་བསླེབས།
ལས་རིགས་སློབ་གསོ་ནི་སློབ་གསོའི་ཁོངས་གཏོགས་ཡིན་པའི་ཆ་ནས། དེར་སློབ་གསོ་དཀྱུས་མ་དང་འདྲ་མཉམ་གྱི་གོ་གནས་གལ་ཆེན་ཡོད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བླ་མེད་བྱས་ཏེ། གསར་དུ་འཕར་བའི་སློབ་གསོའི་གྲོན་དངུལ་ལས་རིགས་སློབ་གསོར་ཕྱོགས་དགོས་པའི་སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིད་ཕྱོགས་དོན་འཁྱོལ་ཧུར་ཐག་བྱས་ནས། ལས་རིགས་སློབ་གསོའི་མ་དངུལ་གཏོང་ཤུགས་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཀྱིས། ལོ་རེར་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་བཏང་ནས། ཞིང་ཆེན་ ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མར་སློབ་ཡོན་མི་དགོས་པ་དང་སློབ་དེབ་ལ་རིན་མི་དགོས་པ། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་དང་སློབ་ཞུགས་རོགས་དངུལ་སྤྲོད་པ་བཅས་ཀྱི་སྟེང་ནས། སློབ་མ་རེར་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་སྤྲོད་པའི་ལམ་ལུགས་བཙུགས་ཏེ། སློབ་མ་རེར་ཆ་སྙོམས་ཁ་གསབ་མ་དངུལ་སྒོར་སྟོང་བཞི་དང་བདུན་བརྒྱ་སྟེར་གྱིན་ཡོད། མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མར་བྱ་དགའ་སྟེར་བ་དང་སྒོར་མོ་བསྐྱི་བ། བརྩོན་བསྲི་བྱེད་པ།རོགས་རམ་བྱེད་པ། ཁ་གསབ་བྱེད་པ། རིན་མེད་བཅས་ཟུང་དུ་འབྲེལ་བའི་སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་བཙུགས་ནས། མ་དངུལ་རོགས་སྐྱོར་བྱེད་ཚད་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་ལས་བརྒྱ་ཆའི་བཅུ་ཡིས་ཇེ་མཐོར་བཏང་ཡོད། མ་དངུལ་སྒོར་ཐེར་འབུམ་གཉིས་དུང་ཕྱུར་གཅིག་ལྷག་བཏང་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭ་བཞི་ཡི་གནས་སྤོར་འཛུགས་སྐྲུན་ལས་གཞིར་རྒྱབ་སྐྱོར་བྱས་ཏེ། སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་ལས་རིགས་སློབ་གསོའི་སློབ་གཉེར་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་། ལོ་རེར་མ་དངུལ་སྒོར་དུང་ཕྱུར་བདུན་བཏང་ནས་དེང་རབས་ཀྱི་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་འཆར་གཞི་ལག་བསྟར་བྱས་ནས། དགེ་མཚན་ལྡན་ལ་ཁྱད་ཆོས་ཡོད་པའི་ཆེད་ལས་འཛུགས་སྐྱོང་བྱ་རྒྱུ་ལོ་ཧྲིལ་བོའི་དམངས་འཚོའི་དོན་དངོས་ལས་རིམ་ནང་བཅུག་སྟེ། ཁྱད་ཆོས་མངོན་གསལ་དོད་པ་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་འཚམ་པའི་ཆེད་ལས་ཁག་གཅིག་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས། ཆེད་ལས་ཀྱི་ནུས་པ་ཆེ་བ་དང་སྤྱི་ཚོགས་ལ་དགོས་མཁོ་ཆེ་བའི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།