མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་འགྱིག་རིགས་བཀག་སྡོམ་དང་སྙིགས་རོ་ཇེ་ཉུང་དུ་གཏོང་བའི་བྱ་བ་ལེགས་པར་སྒྲུབ་ཆེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པ་ནས་ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་བར་དུ་མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་འགྱིག་རིགས་བཀག་སྡོམ་དང་སྙིགས་རོ་ཇེ་ཉུང་དུ་གཏོང་བའི་འགུལ་སྐྱོད་སྤེལ་རྒྱུ་རེད། ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་བར་དུ་གྲོང་ཁྱེར་དང་མཁར་གྲོང་གི་གད་སྙིགས་རིགས་དབྱེ་ཁྱོན་ཡོངས་ཁེབས་པ་མངོན་འགྱུར་བྱས་ནས་གྲོང་གསེབ་ཀྱི་གད་སྙིགས་གནོད་མེད་ཅན་དུ་གཏོང་ཚད་བརྒྱ་ཆའི་དགུ་ཅུའི་ཡན་དུ་སླེབས་པར་བྱེད་དགོས། མངའ་ཁོངས་ཡོངས་སུ་གཅིག་སྤྱོད་འགྱིག་ཁུག་མེད་པའི་སྣ་མང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱས་ནས་འགྱིག་རིགས་ཇེ་ཉུང་གཏོང་བ་དང་ལྗང་མདོག་དངོས་སྐྱེལ་རྣམ་པའི་ཐོག་མའི་རྣམ་པ་གྲུབ་པར་བྱེད་དགོས།
ཡུས་ཧྲུའུ་ཁུལ་གྱིས་གད་སྙིགས་ཡོང་ཁུངས་ནས་རིགས་དབྱེ་དང་ཚད་ཇེ་ཉུང་དུ་བཏང་སྟེ། སྤྱིར་བཏང་ས་ཁུལ་དང་ཡུལ་ཚོ།གྲོང་བརྡལ།སྡེ་བ་དང་སྡེ་ཁུལ་བཅས་ཀྱིས་ཕྱིར་བསྡུའི་གད་སྙིགས་དང་མེར་བསྲེགས་ཆོག་པའི་གད་སྙིགས། གནོད་མེད་ཅན་དུ་བཏང་ཆོག་པའི་གད་སྙིགས་བཅས་རིགས་སླ་མོ་གསུམ་དུ་བགར་ནས་དུས་ཚོད་དང་ཚད་མང་ཉུང་ལྟར་སྐྱེལ་འདྲེན་བྱེད་དགོས། གྲོང་ཁྱེར་དང་མཁར་གྲོང་དུ་ཕྱིར་བསྡུའི་གད་སྙིགས་དང་ཟས་འཕྲོའི་གད་སྙིགས། གནོད་ལྡན་གད་སྙིགས། འཛུགས་སྐྲུན་གད་སྙིགས། གད་སྙིགས་གཞན་པ་བཅས་རིགས་ལྔ་རུ་དབྱེས་ནས་ཉིས་སྟོང་ཉེར་གཉིས་ལོར་སྡོད་དམངས་ཀྱིས་གད་སྙིགས་རིགས་དབྱེ་བའི་དག་ཚད་བརྒྱ་ཆའི་བརྒྱད་ཅུའི་ཡན་དུ་སླེབས་པར་བྱེད་དགོས། གད་སྙིགས་ཕྱིར་བསྡུའི་མ་ལག་འཛུགས་སྐྲུན་བྱས་ཏེ། དངོས་རྫས་རྙིང་བ་ཕྱིར་བསྡུ་བའི་ཉོ་སྒྲུབ་ལས་རིགས་རྒྱ་བསྐྱེད་ནས་སྡོད་དམངས་ཀྱི་འཚོ་བའི་གད་སྙིགས་ཕྱིར་བསྡུའི་བཀོལ་སྤྱོད་ཚད་བརྒྱ་ཆའི་སོ་ལྔའི་ཡན་དུ་སླེབས་པར་བྱེད་དགོས།
དེ་དང་དུས་མཉམ་དུ་ཡུས་ཧྲུའུ་ཁུལ་གྱིས་ཞུ་གཏུག་སྐུད་ལམ་ལྟ་རྟོག་ཁ་པར་བཀོད་སྒྲིག་བྱེད་པ་དང་དྲིལ་སྒྲོག་བྱེད་མཁན་དང་དང་བླངས་པ་བསྡུ་བའི་རྨང་གཞིའི་སྟེང་། མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་འགྱིག་རིགས་ཇེ་ཉུང་དུ་གཏོང་བ་དེ་ལོ་འཁོར་དམིགས་འབེན་ལས་འགན་ཚད་ལེན་ཁྲོད་བཞག་ནས་རིམ་པ་མི་འདྲ་བའི་མ་དངུལ་གཏོང་བའི་རྐྱེན་སྲོལ་འཛུགས་དགོས།
མི་ཕམ་མགོན་པོས་བསྒྱུར།