མཚོ་སྔོན་ཞིང་ཆེན་གྱི་ཡུལ་གཞན་གནས་སྤོར་ཁྱིམ་ཚང་རེར་ཉུང་མཐར་ཡང་མི་གཅིག་རེ་ལས་ཞུགས་ཐུབ་པ་བྱུང་།
2021.10.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔའི་བར་མཚོ་སྔོན་ཡོངས་ཀྱི་ཁྱིམ་ཚང་ཁྲི་གསུམ་དང་སྟོང་གཅིག་བདུན་བརྒྱའི་ཡིག་ཚགས་དང་བྱང་བུ་བཟོས་པའི་མང་ཚོགས་འབུམ་གཅིག་དང་ཁྲི་གཅིག་སྟོང་བརྒྱད་དགུ་བརྒྱའི་ཁྲོད་དུ། ངལ་རྩོལ་གྱི་ནུས་པ་ལྡན་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་གནས་སྤོར་ཁྱིམ་ཚང་ཁྲི་གཉིས་དང་སྟོང་བརྒྱད་བཞི་བརྒྱ་ཡོད་ཅིང་། དེའི་ཁྲོད་ཀྱི་མི་ཁྲི་ལྔ་དང་སྟོང་བཞི་ཉིས་བརྒྱ་ལས་ཞུགས་ཐུབ་པ་བྱུང་བ་དང་། ཁྱིམ་ཚང་རེའི་ཆ་སྙོམས་ལས་ཞུགས་མཁན་གཅིག་དང་གྲངས་ཆུང་དགུ་ཡིན་ལ། ཁྱིམ་ཚང་རེར་ཉུང་མཐར་ཡང་མི་གཅིག་ལས་ཞུགས་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱུང་།

ཉིས་སྟོང་ཉེར་གཅིག་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོའི་རྗེས་མཐུད་རོགས་སྐྱོར་བྱ་བ་ལ་མཐོང་ཆེན་བྱས་ནས། བྱ་བའི་བྱེད་ཐབས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། མ་འོངས་པར་ཇི་ལྟར་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་བསྣན་ནས། གནས་སྤོར་མང་ཚོགས་བརྟན་པོ་དང་ལས་ཞུགས་ཐུབ་པ། ཕྱུག་པོར་འགྱུར་བ་བཅས་ཀྱི་ཐད་འགན་ལེན་ནུས་ལྡན་བྱས།  ལས་ཞུགས་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ལས་གནས་ཀྱི་འབྲེལ་ཡོད་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་སྲུང་སྐྱོབ་སོགས་སྡེ་བ་རིམ་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་ཤུགས་ཆེན་གྱིས། གནས་སྤོར་ཁྱིམ་ཚང་གི་ལས་ཞུགས་ཀུན་གྱི་སྔོན་ལ་བཀོད་སྒྲིག་བྱས།

རྫོང་ཁག་བཅུ་གཉིས་ཀྱི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་ཐུན་མོང་གཅིག་སྡུད་ཁུལ་དུ་རོགས་སྐྱོར་འཁོར་ཁང་བཅོ་བརྒྱད་བསྐྲུན་ནས། གནས་སྤོར་མང་ཚོགས་ལ་ལས་སྐྲུན་ལས་ཞུགས་བྱེད་རོགས་བྱས། མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་བཞི་བཀོད་སྒྲིག་བྱས་ནས། རྫོང་ཁག་ལྔ་ལ་ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ། གནས་སྤོར་མང་ཚོགས་ཀྱིས་རང་ཉིད་ཀྱི་ཐག་ཉེ་ས་ནས་ཡོང་སྒོ་བཙལ་བར་སྟབས་བདེ་བསྐྲུན་ནས་ཡོང་འབབ་འཕར་བར་བྱས། རང་བརྟེན་འཕེལ་རྒྱས་ཀྱི་བསམ་པ་ཡོད་པའི་གནས་སྤོར་མང་ཚོགས་ལ་དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱད་ལྡན་འདེབས་གསོ་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན། ཚོང་ལས་སྐྱེལ་འདྲེན་སོགས་ཁྱིམ་ཚང་གི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་ཡོད། གནས་སྤོར་མང་ཚོགས་གཞན་དག་ལ་ཐོན་ལས་ར་བ་དང་གྲོང་གསེབ་ཀྱི་ཡུལ་སྐོར། རོགས་སྐྱོར་འཁོར་ཁང་སོགས་ཀྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། ཁོ་ཚོའི་ལས་སྐྲུན་ལས་ཞུགས་སྔོན་ལ་བཀོད་སྒྲིག་བྱས་ཏེ་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་བའི་ཐད་བླང་བྱ་ནན་མོ་བཏོན།

གཞན་ཡང་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་དེ། གནས་སྤོར་ཁྱིམ་ཚང་ལ་བཀོད་སྒྲིག་བྱས་པའི་སྡོད་ཁང་གི་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ཐོ་འགོད་ལས་རིམ་ཚང་མ་ཡོངས་འགྲུབ་བྱས། མ་འོངས་པར། ཞིང་ཆེན་ཡོངས་ཀྱི་ཐུན་མོང་འདུས་སྡོད་ཁུལ་ཉིས་བརྒྱ་དང་གོ་བདུན་གཙོ་གནད་དུ་བཟུང་ནས། ཏང་དང་མང་ཚོགས་ཀྱི་རྩ་འཛུགས་སྣ་ཚོགས་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་དང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བསྐྲུན་པ། གཞིས་ཁུལ་བཅོས་སྐྱོང་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། གནས་སྤོར་མང་ཚོགས་ལ་རོགས་རམ་བཅས་བྱས་ནས། གྲོང་གསེབ་ནས་གྲོང་ཁྱེར་དང་། ཞིང་པ་ནས་གྲོང་མི། ཞིང་ལས་ཁོ་ན་གཉེར་མཁན་ནས་ལས་གཉེར་སྣ་མང་བྱེད་ཐུབ་པའི་ཕྱོགས་སུ་བསྒྱུར་བར་འབད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།