གསར་འགོད་པས་ཞིང་ཆེན་གྲོང་གསེབ་དར་སྤེལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ནས། རང་ཞིང་གིས་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པའི་བྱ་བ་གལ་ཆེན་དུ་བརྩིས་ནས། བྱ་བར་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། བྱ་བར་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ནས་ཕྱིར་བཏོན་པ་དང་། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་གྱི་སྟེགས་བུ་འཐུས་ཚང་དུ་བཏང་ལ། ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ངོས་ལེན་བཅས་ཀྱི་རྒྱུད་རིམ་བཞི་གཏན་ཁེལ་གསལ་བོ་བྱས་པ་དང་། སྔོན་བརྡ་རྐྱེན་སྲོལ་ཆ་གཅིག་དང་ཁ་གཏད་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་ཆ་གཅིག་འཐུས་ཚང་དུ་བཏང་སྟེ། གཉིས་བཞི་གཅིག་གཅིག་གི་བྱ་བའི་རྐྱེན་སྲོལ་གྲུབ་པར་བྱས།
དབུལ་ཐར་གཏན་འཇགས་མིན་པའི་ཁྱིམ་ཚང་དང་དབུལ་བོར་འགྱུར་སླ་བ་དང་གནོད་འཚེ་བྱུང་བ་དང་། ནད་བྱུང་བ། སློབ་ཞུགས་ཀྱི་དབང་གིས་དབུལ་བོར་གྱུར་བའི་ཧ་ཅང་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་དམིགས་ནས། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡིས་མི་སྣ་རྩ་འཛུགས་བྱས་ནས་གྲོང་ཁྱེར་དང་ཁུལ་བརྒྱད་ལ་ཁྱོན་ཡོངས་ནས་རྟོག་སེལ་མཐིལ་རྟོགས་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་སྐབས་ཀྱི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞིའི་ལྡབ་གཅིག་དང་གྲངས་ཆུང་ལྔ་ཚད་མཐའ་རུ་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་རེའི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་སྒོ་སྒོར་སྟོང་དྲུག་ལས་ཉུང་བ་མ་ཟད་ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁ་ལྡན་པའི་རོང་འབྲོག་མང་ཚོགས་ཡོངས་རྫོགས་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་སུ་བཞག་སྟེ་བརྟག་བཤེར་བྱེད་ཡུལ་དུ་གཏན་ཁེལ་བྱས།
དེ་དང་མཉམ་དུ། རྐྱེན་སྲོལ་སྣ་ཚོགས་བཙུགས་པ་དང་། དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་བརྗེ་རེས་བྱས་ལ། རོགས་སྐྱོར་བྱེད་ཐབས་ལག་བསྟར་གནད་ལ་འཁེལ་བར་བྱས་ནས། ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁ་མེད་པར་བྱས། སྔོན་བརྡའི་རྐྱེན་སྲོལ་ལག་བསྟར་དང་ལེགས་འདེམས་བྱས་པ་དང་། ལྟ་ཞིབ་བྱེད་ཡུལ་གྱི་ཡོང་སྒོ་དང་འགྲོ་གྲོན། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་སོགས་གནས་ཚུལ་ལ་དམིགས་ནས། ལས་རིགས་སྡེ་ཁག་གི་གཞི་གྲངས་མཉམ་སྤྱོད་ཞིབ་སྡུར་ལ་ཤུགས་བསྣན་པ་དང་། སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་ཐེ་གཏོགས་བྱེད་ཐུབ་པ་བྱས། ལྟ་ཞིབ་ཚད་ལེན་གྱི་བྱ་བའི་རྩིས་ཐོ་འཐུས་ཚང་དུ་བཏང་བ་དང་། རྒྱུན་མཐུད་ངང་ལྟ་ཞིབ་བྱེད་ཡུལ་མེད་པར་བྱས་པའི་རྗེས་ཀྱི་ཁྱིམ་ཚང་གི་ཐོན་སྐྱེད་འཚོ་སྲིད་ཇུས་དང་ཉེན་ཁ་མེད་པར་བཟོ་བ་དང་སྲ་བརྟན་དུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྗེས་འདེད་རྒྱུས་ལོན་བྱས་ལ། ཁྱིམ་ཚང་གཅིག་ལ་སྲིད་ཇུས་གཅིག་དང་ཁྱིམ་ཚང་རེ་རེ་བཞིན་ལྟ་ཞིབ་བྱེད་པའི་ཁྱབ་ཁོངས་ནས་ཕྱིར་ལེན་པ་རྒྱུན་འཁྱོངས་བྱས།
རིན་ཆེན་མཚོས་བསྒྱུར།