སྡེ་ཁག་བཞི་ཡིས་ན་གཞོན་ལོ་ཆུང་གི་བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོ་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ།
2021.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཉེ་སྔོན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན། མཚོ་སྔོན་ཞིང་ཆེན་ཁྲིམས་རིག་པའི་སློབ་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སློབ་རར་སྐྱོད་པའི་བྱ་འགུལ་ཟི་ལིང་གྲོང་ཁྱེར་ཁྲའོ་ཡང་སློབ་གྲྭ་རུ་སྤེལ། བྱ་འགུལ་སྟེང་མཚོ་སྔོན་ཞིང་ཆེན་ཡན་ཧུའེ་ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་ཆིག་ཁྲིན་གདན་ཞུ་བྱས་ནས་བདེ་འཇགས་སློབ་ར་དང་སློབ་རའི་དྲག་ཤུགས་ལ་ངོ་རྒོལ་བྱེད་པ་བརྗོད་སྙིང་དུ་བྱས་ཏེ་དགེ་སློབ་ཚོར་ཆེད་དོན་ཁྲིམས་སྐྱོང་འཆད་ཁྲིད་སྤེལ།

ཁྲིམས་རྩོད་པ་ཆིག་ཁྲིན་གྱིས་ཅི་ཞིག་ལ་སློབ་རའི་དྲག་ཤུགས་ཟེར་བ་དང་སློབ་རའི་དྲག་ཤུགས་བྱུང་བའི་རྒྱུ་རྐྱེན། སློབ་གྲོགས་ལ་བརྙས་བཅོས་བྱས་ན་རིན་དོད་ཅི་ཞིག་དགོས་པ། སློབ་རའི་དྲག་ཤུགས་ལ་ཅི་ལྟར་ཁ་གཏད་འཇལ་བ། སློབ་རའི་དྲག་ཤུགས་སྔོན་འགོག་དང་བཀག་འགོག་བྱེད་པའི་ཐད་ཀྱི་བསམ་ཚུལ་དང་ཁ་གཏད་འཇལ་ཐབས་སོགས་ལ་དམིགས་ནས། སློབ་གྲོགས་ཚོར་འགྲེལ་བཤད་གསལ་བོ་བྱས། སེམས་ཁམས་རིག་པ་དང་བཅའ་ཁྲིམས་སོགས་ཟུར་ངོས་མང་པོ་ནས་སློབ་རའི་དྲག་ཤུགས་ལ་དབྱེ་ཞིབ་དང་ཞིབ་སྡུར་བཟང་བོ་བྱས་པ་དང་། གྱོད་གཞི་དངོས་ལ་བརྟེན་ནས་སློབ་རའི་དྲག་ཤུགས་བྱུང་རྗེས་འཁུར་དགོས་པའི་དཔལ་འབྱོར་གྱི་འགན་འཁྲི་དང་གཏོང་དགོས་པའི་བཅའ་ཁྲིམས་ཀྱི་རིན་དོད་གསལ་བོར་བཤད་ལ། སློབ་གྲོགས་ཚོར་སློབ་རའི་དྲག་ཤུགས་བཀག་འགོག་བྱེད་པ་དང་། སློབ་རའི་དྲག་ཤུགས་བྱུང་བའི་སློབ་མར་ཁ་ཕྱོགས་ནས་ཁྱིམ་ཚང་དང་སློབ་གྲྭས་ཅི་ལྟར་སྣེ་ཁྲིད་ཡང་དག་བྱེད་པ་དང་ཁ་གཏད་བཟང་བོ་འཇལ་བ་སོགས་འགྲེལ་བཤད་བྱས་པས། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་བསྔགས་བརྗོད་ཐོབ། བྱ་འགུལ་སྐབས་སུ། གཙོ་སྒྲུབ་བྱེད་མཁན་གྱིས་བརྗེ་རེས་སོགས་རྣམ་པ་བརྒྱུད་དེ། སློབ་གྲོགས་ཚོར་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་དང་ནར་མ་སོན་པའི་མིའི་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་བཅའ་ཁྲིམས། ཉེས་ཁྲིམས། དམངས་དོན་སྐོར་གྱི་ཁྲིམས་གཞུང་སོགས་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། ན་གཞོན་སློབ་མ་ཚོས་བཅའ་ཁྲིམས་ལ་བརྩི་མཐོང་བྱེད་པ་དང་བཅའ་ཁྲིམས་སློབ་སྦྱོང་བྱེད་པ། བཅའ་ཁྲིམས་བརྩི་སྲུང་བྱེད་པ། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པའི་སྤྱི་དམངས་བྱེད་པར་སྣེ་ཁྲིད་བྱས་ཏེ། མཉམ་དུ་བདེ་འཇགས་སློབ་ར་དང་བདེ་འཇགས་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

                                                                                                            རིན་ཆེན་མཚོས་བསྒྱུར།