མཚོ་སྔོན་གྱིས་ནོར་སྲིད་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་གཅིག་བྱེ་བ་བརྒྱད་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།
2021.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དགུ་པའི་ཟླ་མཇུག་བར་དུ། རང་ཞིང་གིས་ནོར་སྲིད་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་པའི་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་གཅིག་བྱེ་བ་བརྒྱད་བཏང་བ་དང་། དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་དྲུག་ཁ་སྣོན་བྱས་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཐད་ཀྱི་དངུལ་གཏོང་གཏན་འཇགས་ཁྲོད་འཕར་སྣོན་བྱུང་བ་མངོན་འགྱུར་བྱས།

ད་ལོའི་ཚུན་དུ། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་ཕན་ཡོད་སྦྲེལ་མཐུད་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། ཆེ་ཕྱོགས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་འགྲོ་བ་དང་ནོར་སྲིད་འགྲོ་གྲོན་འགལ་རྩོད་སྔར་ལས་འབུར་ཐོན་ཡིན་པའི་གནས་ཚུལ་འོག འགྲོ་གྲོན་གྱི་གྲུབ་ཚུལ་ལེགས་བསྒྱུར་བྱས་པ་དང་། རྒྱབ་སྐྱོར་གྱི་གཙོ་གནད་ལེགས་སྒྲིག་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་རྫོང་ཕྱིར་དབུལ་བོར་འགྱུར་བ་བཀག་འགོག་བྱེད་པའི་བྱ་བའི་ཚད་མཐའ་བརྟན་སྲུང་བྱེད་པར་རྒྱབ་སྐྱོར་བྱས།

ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་འབྲེལ་ཡོད་སྲིད་ཇུས་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་པ་དང་། རྟོག་ཞིབ་གཏིང་ཟབ་བྱེད་པ་དང་རང་ཞིང་གི་སྦས་ཤུགས་སྔོག་འདོན་བྱེད་པའི་རྨང་གཞིའི་སྟེང་། ཞིང་ཆེན་གྱི་གནས་ཚུལ་དང་ཀྲུང་དབྱང་གི་སྲིད་ཇུས་ཀྱིས་སྦྲེལ་མཐུད་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ནང་དོན་ལ་དམིགས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་དང་སྦྲེལ་མཐུད་བྱས་ཏེ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་བརྩོན་ལེན་བྱེད་ཤུགས་ཆེར་བཏང་། ཟླ་དགུ་པའི་ཟླ་མཇུག་བར་དུ། ཀྲུང་དབྱང་ནོར་སྲིད་ཀྱིས་རང་ཞིང་ལ་སྦྲེལ་མཐུད་མ་དངུལ་སྒོར་ཐེར་འབུམ་བཞི་དང་བྱེ་བ་གཉིས་བཀོད་སྒྲིག་བྱས་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་དགུ་ཇེ་མང་དུ་སོང་།

ནོར་སྲིད་པུའུ་ཡི་བྱ་བའི་བཀོད་སྒྲིག་ལྟར་ན། དུས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བར་སྦྲེལ་མཐུད་བྱས་པའི་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། མ་དངུལ་བཀོལ་སྤྱོད་དང་བགོ་བཤའ། ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་བའི་རེ་བ་སྣ་ཚོགས་གཏན་ཁེལ་གསལ་བོ་བྱས་པ་མ་ཟད། མ་དངུལ་བཀོལ་སྤྱོད་ཐད་ཀྱི་ལྡོག་ཕྱོགས་ཀྱི་གསལ་ཕྲ་བཏོན་པ་དང་། སྦྲེལ་མཐུད་མ་དངུལ་ལས་ཁུངས་ཀྱི་གཞི་རྩའི་འགྲོ་གྲོན་དང་འགྲིམ་འགྲུལ་ཡོ་ཆས། འཕྲིན་གཏོང་སྒྲིག་ཆས། ཁང་བ་ལས་པ་སོགས་ཕྱོགས་བརྒྱད་ཀྱི་ཐད་བཀོལ་བར་བཀག་འགོག་བྱས་ནས། ནོར་སྲིད་མ་དངུལ་སྡེབ་སྒྲིག་ལས་ཆོད་དང་བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་གཏོང་བའི་ཐད་སྲིད་ཇུས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས།

                                                                                                                     རིན་ཆེན་མཚོས་བསྒྱུར།