མཚོ་སྔོན་ཞིང་ཆེན་རིམས་འགོག་ལྟེ་གནས་ཀྱི་བྲེལ་མྱུར་གསལ་འདེབས།
2021.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 612

ཉེ་ལམ། རྒྱལ་ནང་གི་ཞིང་ཆེན་མང་པོ་རུ་རང་ས་གནས་ཀྱི་ནད་པ་བྱུང་ལ། ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར་དུ། ཧྲན་ཞི་ཞི་ཨན་དང་ཉིན་ཞ་དབྱིན་ཁྲོན། ཀན་སུའུ་ལན་ཀྲིག ནང་སོག་ཀུའུ་ཨི་ཅི་ན་ཆི། ཧུའུ་ནན་ཁྲང་ཧྲ། ཀོས་ཀྲིག་ཙུན་དབྱི། པེ་ཅིང་ཧྥིན་ཐའེ་དང་ཧི་པེ་ཞིན་ཐའེ་བཅས་ས་ཆ་བརྒྱད་དུ་ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་གདགས་གཤིས་ཡིན་པའི་ནད་པ་བྱུང་བ་ཁྱབ་བསྒྲགས་བྱས།

གོང་གསལ་གྱི་གནས་ཚུལ་ལ་ཁ་གཏད་དེ། མཚོ་སྔོན་ཞིང་ཆེན་རིམས་འགོག་ལྟེ་གནས་ཀྱིས་བྲེལ་མྱུར་སྒོས་གཤམ་གྱི་གསལ་འདེབས་སྤེལ་བ་སྟེ།

གཅིག རང་འགུལ་གྱིས་ཡར་ཞུ་བྱེད་པ་མ་ཟད་སྡེ་ཁུལ་དོ་དམ་ལ་གཞོགས་འདེགས་བྱེད་པ།

རྒྱ་ཆེའི་མང་ཚོགས་ཀྱིས། སྐབས་འདིར་ཁྱབ་བསྒྲགས་བྱས་པའི་ཉིང་སྐྱུར་བརྟག་འཇལ་མཇུག་འབྲས་སུ་གདགས་གཤིས་ཡིན་པའི་ནད་པ་དང་རྟགས་མེད་རེད་པ་དང་ཉེ་བར་བཅར་མྱོང་མཁན་དང་ཡང་ན་འགྲིམ་འགྲུལ་ཡོ་བྱད་གཅིག་ཏུ་བསྡད་མྱོང་བའི་མི་སྣས། མི་སྒེར་གྱི་འགོག་སྲུང་བྱ་བ་བཟང་པོར་བསྒྲུབ་པ་དང་། མྱུར་དུ་རང་ཡོད་སའི་གཞིས་ཁུལ་དང་སྡེ་བ། ལས་ཁུངས། ཞག་སྡོད་བྱས་པའི་མགྲོན་ཁང་བཅས་ལ་འབྲེལ་འདྲིས་བྱས་རྗེས་ཕྱི་རུ་མི་འགྲོ་བར། རེ་བ་ལྟར་རང་འགུལ་གྱིས་ཉིང་སྐྱུར་བརྟག་འཇལ་བྱེད་པ་དང་གཅིག་བསྡུས་སྒོས་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་དང་ལེན་བྱེད་པ་སོགས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ལ་གཞོགས་འདེགས་བྱེད་དགོས།

ཟླ་བཅུ་པའི་ཚེས་གཉིས་ཉིན་གྱི་ཚུན་དུ། ནང་སོག་ཨ་ལ་ཧྲན་མིན་ཨི་ཅི་ན་ཆི་ནས་ཡོང་བའི་མི་སྣ་དང་དེར་སོང་ནས་ཕྱིར་ལོག་པའི་མི་སྣ། ཟླ་བཅུ་པའི་ཚེས་དགུ་ཉིན་གྱི་ཚུན་དུ། ནང་སོག་ཨ་ལ་ཧྲན་མིན། ཀན་སུའུ་ཅ་ཡུས་ཀོན་གྲོང་ཁྱེར། ཀྲང་ཡེ་གྲོང་ཁྱེར། ཅིག་ཆོན་གྲོང་ཁྱེར། ཧྲན་ཞི་ཞི་ཨན་གྲོང་ཁྱེར་བཅས་ནས་ཡོང་བའི་མི་སྣ་དང་དེར་སོང་ནས་ཕྱིར་ལོག་པའི་མི་སྣ། ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་གྱི་ཚུན་དུ། ཀན་སུའུ་ལན་ཀྲིག་གྲོང་ཁྱེར་དང་ཉིན་ཞ་དབྱིན་ཁྲོན་གྲོང་ཁྱེར། ཝུའུ་ཀྲུང་གྲོང་ཁྱེར། ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར། ཀོས་ཀྲིག་ཙུན་དབྱི་གྲོང་ཁྱེར། པེ་ཅིང་ཧྥིན་ཐའེ་སོགས་ས་ཁུལ་གཙོ་བོ་ནས་ཡོང་བའི་མི་སྣ་དང་དེར་སོང་ནས་ཕྱིར་ལོག་པའི་མི་སྣ། ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་ཧི་པེ་ཞིན་ཐའེ་ནས་མཚོ་སྔོན་དུ་ཡོང་བའི་མི་སྣ་དང་དེར་སོང་ནས་ཕྱིར་ལོག་པའི་མི་སྣ། བདེ་ཐང་ཨང་རྟགས་ལས་དམར་པོ་དང་སེར་བོ་མངོན་པའི་མི་སྣ་བཅས་ཀྱིས། དུས་ཚོད་དང་པོའི་ནང་རང་ཡོད་སའི་སྡེ་ཁུལ་དང་སྡེ་བ། ལས་ཁུངས། མགྲོན་ཁང་བཅས་ལ་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱེད་པ་མ་ཟད། གཞིས་ཁུལ་གྱི་བདེ་ཐང་དོ་དམ་དང་ལེན་བྱེད་པ་དང་། རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པར་གཞོགས་འདེགས་བྱེད་དགོས།

ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་ཡུས་མིན་ནས་ལན་ཀྲིག་མེ་འཁོར་ས་ཚིགས་་ནུབ་མར་བསྐྱོད་པའི་སྒུལ་འཁོར་ཐེངསd2746ལ་བསྡད་པའི་འགྲུལ་བའི་ཁྲོད་ཀན་སུའུ་ནས་ཉིང་སྐྱུར་བརྟག་འཇལ་བྱས་པ་བརྒྱུད་དེ་ནད་པ་མང་པོ་བྱུང་བ་དང་། ཐེངས་འདིའི་སྒུལ་འཁོར་ལ་བསྡད་པའི་ཨང་རྟགས་སེར་བོ་བྱིན་པའི་འགྲུལ་བ་དག་གིས།  དུས་ཚོད་དང་པོའི་ནང་ས་གནས་དེའི་འབྲེལ་ཡོད་སྡེ་ཁག་གི་ལོགས་བཀར་བཀག་སྡོམ་བྱེད་ཐབས་ལ་གཞོགས་འདེགས་བྱེད་དགོས།

གཉིས། ཉེན་ཁ་འགོག་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་ཀྱི་འགུལ་རྣམ་དང་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་ཆ་འཕྲིན་སྒྲོག་སྤེལ་ལ་དོ་སྣང་བཟང་པོ་བྱས་ནས། ངེས་པར་དུ་འགྲོ་མི་དགོས་ན་རིམས་ནད་བྱུང་སར་འགྲོ་མི་རུང་། དེ་དང་མཉམ་དུ། དཀྲོག་གཏམ་ལ་མི་ཉན་པ་དང་དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྒྲོག་པ་བཅས་བྱས་ཏེ། རིམས་ནད་འགོག་སྡོམ་ཐད་ཀྱི་མི་སྒེར་གྱི་འགན་འཁྲི་དང་འོས་འགན་ལག་བསྟར་ནན་མོ་བྱེད་པ་དང་། རིམས་ནད་འགོག་སྡོམ་ཐད་ཀྱི་འབྲེལ་ཡོད་གཏན་ཁེལ་བརྩི་སྲུང་བྱེད་དགོས།

གསུམ། མི་སྒེར་གྱི་འགོག་སྲུང་བྱ་བ་བཟང་པོར་སྒྲུབ་དགོས། མི་ཚོགས་འདུ་ས་དང་མཁའ་དབུགས་མི་གཙང་བའི་ཡུལ་གནས་ལ་དགོས་གལ་མེད་ན་འགྲོ་མི་རུང་། འདུ་ཚོགས་མི་བྱེད་པ་དང་། གཞི་ཁྱོན་ཆེ་བའི་འདུ་ཚོགས་བྱ་འགུལ་ལ་མི་ཞུགས་པ། ཁྱིམ་དུ་ལོགས་བཀར་བྱས་པའི་མི་སྣ་དང་འབྲེལ་འདྲིས་མི་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ་དང་ལག་པ་རྒྱུན་དུ་བཀྲུ་བ། ལག་པའི་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ། མི་གཞན་དང་བར་ཐག་རྒྱུན་འཁྱོངས་བྱེད་པ། དཔལ་ཡོན་སྒོས་ཟ་མ་བཟའ་བ། སྨི་གཅིག་གི་བར་ཐག་རྒྱུན་འཁྱོངས་བྱེད་པ་བརྩི་སྲུང་བྱེད་པ། ཁང་བའི་ནང་ལ་རླུང་རྒྱུ་རུ་འཇུག་པ་དང་གཙང་དག་དུག་སེལ་བྱེད་པ། ཁ་ལུད་རང་དགར་དུ་མི་འཕེན་པ། གློ་ལུ་བྱེད་པ་དང་སྣ་སྦྲིད་བྱུང་དུས་ལག་པས་འགོག་འགེབས་བྱེད་པ་བཅས་བྱེད་དགོས།

བཞི། རང་ཉིད་ཀྱི་བདེ་ཐང་ལ་དོ་དམ་བྱེད་དགོས། ཚ་རྒྱས་པ་དང་གློ་ལུ་བ། ཤུགས་ཟད་པ། སྣ་དང་ལྕེའི་ཚོར་བ་ཉམས་པ།  དབུགས་ལེན་མི་ཐུབ་པ་དང་སྣ་ཆུ་བཞུར་བ། མགྲིན་པ་ན་བ། མིག་འབྲས་སྐྱི་མོའི་གཉན་ཚད། ཤ་གནད་ན་བ། ཁོག་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ན་མྱུར་དུ་སྨན་ཁང་དུ་སོང་ནས་སྨན་བཅོས་བརྟག་དཔྱད་བྱེད་པ་དང་། སྨན་བཅོས་བྱེད་པར་འགྲོ་བའི་ལམ་ཧྲིལ་པོར་ཁ་ཐུམ་རྒྱག་པ། སྤྱི་སྤྱོད་རླངས་འཁོར་ལ་འདུག་མི་རུང་བ་དང་། སྨན་བཅོས་བརྟག་དཔྱད་བྱེད་སྐབས་འབྲེལ་ཡོད་ཀྱི་གནས་སྐོར་ལོ་རྒྱུས་དང་འབྲེལ་འདྲིས་ཀྱི་ལོ་རྒྱུས་སྦ་གསང་མེད་པར་ཡར་ཞུ་བྱེད་དགོས།

ལྔ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་དགོས། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པ་ནི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱེད་པའི་ཆེས་བདེ་འཇགས་དང་ཆེས་ཕན་ཡོད་ཀྱི་བྱེད་ཐབས་ཡིན་པས། ལོ་བཅུ་གཉིས་ཡན་གྱི་འགོག་སྨན་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་མང་ཚོགས་ཐག་ཉེ་སའི་འགོག་སྨན་རྒྱག་སར་སོང་ནས་འགོག་སྨན་རྒྱག་དགོས།

དྲུག མགྲོན་ཁང་ཆེ་ཆུང་ཡོངས་ལ་དོ་དམ་ནན་མོ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་མགྲོན་ཁང་ཆེ་ཆུང་སོགས་སྡོད་ས་འདོན་སྤྲོད་བྱེད་སས་ངེས་པར་དུ་མགྲོན་ཁང་ནང་བསྡད་པའི་མགྲོན་པོ་ཡོངས་ཀྱི་ལུས་དྲོད་འཇལ་བ་དང་། བདེ་ཐང་ཨང་རྟགས་དང་ཕྱིར་བགྲོད་ཨང་རྟགས་ལ་ཞིབ་བཤེར་བྱེད་པ། ཉེན་ཁ་ཆེ་འབྲིང་ས་ཁུལ་དང་རིམས་ནད་བྱུང་སའི་ས་ཆ་རུ་གནས་སྐོར་ལ་སོང་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣས་དུས་ཐོག་ཏུ་རང་ཡོད་སའི་གཞིས་ཁུལ་དང་སྡེ་བར་ཡར་ཞུ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་པར་གཞོགས་འདེགས་བྱེད་དགོས།

བདུན། ས་ཚིགས་གཉིས་དང་ཡུལ་གནས་གཅིག་ལ་དོ་དམ་ནན་མོ་བྱེད་དགོས། གནམ་གྲུ་དང་མེ་འཁོར་ས་ཚིགས། རླངས་འཁོར་ས་ཚིགས་སོགས་འགྲིམ་འགྲུལ་ལྟེ་གནས་ཀྱིས་བརྟག་དཔྱད་དོགས་སེལ་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ལུས་དྲོད་འཇལ་བ་དང་ཕྱིར་བགྲོད་ཨང་རྟགས་དང་བདེ་ཐང་ཨང་རྟགས་ལ་བརྟག་བཤེར་ནན་མོ་བྱེད་པ། རྣམ་པ་མི་འདྲ་བའི་གསལ་འདེབས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་གནས་སྐོར་ལ་སོང་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣ་ཡོད་ཚེ་རང་འགུལ་གྱིས་གནས་ཚུལ་ཡར་ཞུ་བྱེད་དགོས།

བརྒྱད། བཅའ་ཁྲིམས་འགན་འཁྲི། སྦ་གསང་དང་རྫུན་ཞུ་དང་ཡང་ན་གཏན་ཁེལ་ལྟར་རིམས་འགོག་བྱེད་ཐབས་ལག་བསྟར་མ་བྱས་པར་པྲོག་གསར་གློ་ཚད་རིམས་ནད་མཆེད་པའི་ཉེན་ཁ་བཟོས་པ་དང་ཡང་ན་གཞན་པའི་མཇུག་འབྲས་ཚབས་ཆེན་བཟོས་ཚེ། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་རྒྱུ་ཡིན།

གོང་གི་གནས་ཚུལ་འདི་མཚོ་སྔོན་ཞིང་ཆེན་རིམས་འགོག་ལྟེ་གནས་ཀྱིས2021ལོའི་ཟླ10ཚེས་ཉི་ཤུ་ཉིན་བསྒྲགས་པ་ཡིན།

རིན་ཆེན་མཚོས་བསྒྱུར།