ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་གྱི་དུས་ཚོད་ཉེར་གཅིག་དང་སྐར་མ་ང་གཅིག་སྟེང་། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་རིམས་འགོག་ལྟེ་གནས་ཀྱི་ཚོད་ལྟ་ཁང་གིས་ཀྲང་ཆེ་གེ་མོའི་ཉིང་སྐྱུར་ལ་བརྟག་འཇལ་བྱས་པའི་མཇུག་འབྲས་གདགས་གཤིས་ཡིན་པ་སྙན་ཞུ་བྱས། ཚེས་ཉེར་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་དང་སྐར་མ་ཞེ་གཅིག་སྟེང་། མཚོ་སྔོན་ཞིང་ཆེན་རིམས་འགོག་ལྟེ་གནས་མཚོ་ཤར་གྲོང་ཁྱེར་རིམས་འགོག་ལྟེ་གནས་ཀྱིས་བསྐྱར་བཤེར་བྱས་ཏེ་ངོས་བཟུང་བ་ལྟར་ན། ཀྲང་ཆེ་གོ་མོའི་ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་གདགས་གཤིས་རེད། མིག་སྔར་ནད་པ་དེ་ངེས་གཏན་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད།
མི་དེ་ནི་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིནD2746རྟགས་ཅན་གྱི་མེ་འཁོར་ལ་བསྡད་དེ་ལན་ཀྲིག་གི་མེ་འཁོར་ས་ཚིགས་ནུབ་མར་སླེབས་པ་དང་། ཟླ་བཅུ་པའི་ཚེས་བཅུ་བདུན་ཉིནK1309རྟགས་ཅན་གྱི་མེ་འཁོར་ལ་བསྡད་དེ་ཕེན་ཨན་མེ་འཁོར་ས་ཚིགས་སུ་ཐོན་པ་རེད། ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་གདགས་གཤིས་ཡིན་པ་ཤེས་རྗེས། མཚོ་ཤར་གྲོང་ཁྱེར་དང་ཕེན་ཨན་ཆུའུ་ཡིས་མྱུར་དུ་བྱེད་ཐབས་སྤྱད་པ་དང་། མིག་སྔར་མཆེད་ནད་རིག་པའི་ཐོག་མའི་རྟོག་ཞིབ་བྱ་བ་ཡོངས་འགྲུབ་བྱས་ཡོད་ལ། འབྲེལ་ཡོད་སྡེ་ཁག་གིས་ནད་པ་དེ་དང་ཉེར་བར་བཅར་མཁན་རྣམས་འཚོལ་ཞིབ་དང་འགོག་སྡོམ་བྱེད་བཞིན་ཡོད། དེ་དང་མཉམ་དུ་ཁུལ་བཀར་འགོག་སྡོམ་དང་ཉིང་སྐྱུར་བརྟག་འཇལ། ལོགས་བཀར་ལྟ་ཞིབ། བདེ་ཐང་ལྟ་འཇལ་སོགས་ཀྱི་འགོག་སྡོམ་བྱེད་ཐབས་སྤྱོད་བཞིན་ཡོད།
མཚོ་ཤར་གྲོང་ཁྱེར་པྲོག་གསར་གློ་ཚད་ནད་ཡམས་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གིས་གསལ་འདེབས་བྱེད་རྒྱུར།
གཅིག རིམས་འགོག་ལ་རང་འགུལ་གྱིས་གཞོགས་འདེགས་བྱེད་དགོས་ཏེ། ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ་སོང་སར་སོང་མྱོང་བའི་མི་རྣམས་ཀྱིས་མྱུར་དུ་རང་ཡོད་སའི་སྡེ་ཁུལ་དང་ལས་ཁུངས། མགྲོན་ཁང་བཅས་སུ་ཐོ་འགོད་བྱེད་དགོས། ཚང་མས་མཆེད་ནད་རིག་པའི་རྟོག་ཞིབ་ལ་གཞོགས་འདེགས་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་ཁུལ་བཅས་ལ་གཞོགས་འདེགས་ཀྱིས་རིམས་འགོག་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བཟང་པོ་བྱེད་དགོས།
གཉིས། བདེ་ཐང་ལྟ་ཞིབ་ནན་མོ་བྱེད་དགོས། ཚ་རྒྱས་པ་དང་གློ་ལུ་བ། མགྲིན་པ་ན་བ། ཤུགས་ཟད་པ། སྣ་དང་ལྕེ་ཡི་ཚོར་བ་ཉམས་པ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དུས་ལྟར་ཡུལ་ཚོ་དང་གྲོང་རྡལ། སྡེ་ཁུལ། མགྲོན་ཁང་བཅས་ལ་སྙན་ཞུ་བྱེད་པ་དང་། དུས་ལྟར་ཚ་རྒྱས་སྒོ་བསྟེན་ཁང་ཡོད་པའི་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་པར་འགྲོ་དགོས་ལ། སྨན་བཅོས་བྱེད་པར་འགྲོ་བའི་ལམ་བར་དུ་སྒེར་གྱི་འགོག་སྲུང་བཟང་པོར་བསྒྲུབ་དགོས།
གསུམ། རང་གི་འགོག་སྲུང་ལ་ཤུགས་སྣོན་དགོས། ཚང་མ་འདུ་ཚོགས་རང་བཞིན་གྱི་བྱ་འགུལ་ལ་མི་ཞུགས་རྒྱུ་དང་། དགོས་གལ་མེད་ན་ཕྱི་རུ་འགྲོ་མི་རུང་། ཕྱི་རུ་འགྲོ་ཚེ་ཁ་ཐུམ་རྒྱག་དགོས། རྒྱུན་དུ་ལག་པ་བཀྲུ་བ་དང་ཁང་པའི་ནང་དུ་རླུང་རྒྱུ་བར་བྱེད་པ། མི་གཞན་གྱི་བར་དུ་སྨི་གཅིག་གི་བར་ཐག་འཇོག་པ་སོགས་ཀྱི་འཕྲོད་བསྟེན་གོམས་སྲོལ་བཟང་པོ་སྲུང་འཛིན་བྱེད་དགོས།
བཞི། རིམས་ནད་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས། ཚང་མས་དུས་ལྟར་གཞུང་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་རུང་བ་དང་དཀྲོག་གཏམ་སྒྲོག་མི་རུང་ལ། རིམས་ནད་འགོག་སྡོམ་བྱ་བར་གཞོགས་འདེགས་དམ་པོ་བྱེད་དགོས།
ལྔ། བཅའ་ཁྲིམས་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། གནས་ཚུལ་སྦ་གསང་བྱེད་པ་དང་རྫུན་ཞུ་བྱེད་པ། ཡང་ན་གཏན་ཁེལ་ལྟར་དུ་རིམས་འགོག་བྱེད་ཐབས་དོན་འཁྱོལ་མ་བྱས་པར། པྲོ་གསར་གློ་ཚད་རིམས་ནད་མཆེད་པའི་ཉེན་ཁ་བཟོས་པ་དང་ཡང་ན་གཞན་པའི་མཇུག་འབྲས་ཚབས་ཆེན་བཟོས་ཚེ། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་རྒྱུ་ཡིན།
གནས་ཚུལ་འདི་ནི་མཚོ་ཤར་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གིས་ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ཡིན།