དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རིན་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དྲུག་ལྷག་འཕར་སྣོན་བྱུང་།
2021.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ཏེ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། གསར་འགྱུར་མགྲིན་ཚབ་པ་དབྱི་ཧྥིན་གྱིས་དུས་ཚིགས་སྔོན་མ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཁྱབ་སྒྲོག་བྱས། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་ལ་གཅིག་གྱུར་ཞིབ་རྩིས་བྱས་པའི་མཇུག་འབྲས་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་སུ་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་བཞི་དུང་ཕྱུར་གཅིག་ལྷག་ཡོངས་འགྲུབ་བྱས་ཤིང་། དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དྲུག་དང་གྲངས་ཆུང་བདུན་འཕར་སྣོན་བྱུང་བ་དང་། ལོ་གཉིས་ལ་ཆ་སྙོམས་སྒོས་བརྒྱ་ཆའི་གསུམ་དང་གྲངས་ཆུང་དགུ་འཕར་སྣོན་བྱུང་།

དབྱི་ཧྥིན་གྱིས་བཤད་དོན། ད་ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཤིང་། ཚན་རིག་དང་མཐུན་པར་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་འཆར་འགོད་བྱས་པ་དང་། རྒྱུན་མཐུད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དུས་ཚིགས་སྔོན་མ་གསུམ་གྱི་ནང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད་ནས་སླར་གསོའི་གནས་བབ་སྲུང་འཛིན་བྱས་པ་དང་། ཐོན་སྐྱེད་དགོས་མཁོ་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་ལ། འཕེལ་རྒྱས་སྒུལ་ནུས་རྒྱུན་མཐུད་སྒོས་ཇེ་ཆེར་སོང་བ་དང་། དམངས་ཚིས་འགན་སྲུང་ལ་ཕན་འབྲས་ཐོབ་ལ། སྡོད་དམངས་ཡོང་སྒོ་བརྟན་བརླིང་སྒོས་འཕར་སྣོན་བྱུང་བར་མ་ཟད་སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱས།

དུས་ཚིགས་སྔོན་མ་གསུམ་གྱི་ནང་། ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་སྤྱི་ཡོངས་བརྟན་བརླིང་ཡིན་ལ། འབྲུ་རིགས་ཐོན་སྐྱེད་ཐད་ནས་ལོ་ལེགས་ཐོབ་པ་དང་། ཕྱུགས་ཐོན་དངོས་རྫས་ཀྱི་ཐོན་ཚད་བརྟན་བརླིང་སྒོས་འཕར་སྣོན་བྱུང་། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་རིན་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱད་འཕར་སྣོན་བྱུང་ཞིང་། ཉིས་སྟོང་བཅུ་དགུ་ལོའི་དུས་ཚིགས་སྔོན་མ་གསུམ་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་བཞི་འཕར་སྣོན་བྱུང་བ་དང་། ལོ་གཉིས་ལ་ཆ་སྙོམས་སྒོས་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་འཕར་སྣོན་བྱུང་། ཞབས་ཞུའི་ལས་རིགས་བརྟན་བརླིང་སྒོས་འཕར་སྣོན་བྱུང་སྟེ་ཐོན་ལས་གསུམ་པའི་འཕར་རིན་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དྲུག་དང་གྲངས་ཆུང་བདུན་འཕར་སྣོན་བྱུང་བ་དང་། དེ་ཉིས་སྟོང་བཅུ་དགུ་ལོའི་དུས་ཚིགས་སྔོན་མ་གསུམ་དང་བསྡུར་ན་བརྒྱ་ཆའི་དྲུག་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་།

ད་ལོར། རང་ཞིང་གིས་ཏན་ཏིག་སྒོས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ཏེ། དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་དུ་ལས་ཀར་ཞུགས་པའི་མི་གྲངས་ཁྲི་ལྔ་དང་སྟོང་དྲུག་འཕར་སྣོན་བྱུང་བ་དང་དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཐིག་དང་གྲངས་ཆུང་བཞི་འཕར་སྣོན་བྱུང་། རོང་འབྲོག་མང་ཚོགས་མི་ཐེངས་ས་ཡ་གཅིག་དང་ཁྲི་དྲུག་ལས་ཀར་ཞུགས། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོད་སྒྲིག་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ཉིས་བརྒྱ་དང་ཞེ་བདུན་ལ་སླེབས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གསུམ་འཕར་སྣོན་བྱུང་།

                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།