མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་ཞུགས་རོགས་སྐྱོར་འགུལ་སྐྱོད་གཟའ་འཁོར་བྱ་འགུལ་སྤེལ།
2021.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་དང་མཉམ་དུ་ལས་ཞུགས་རོགས་སྐྱོར་འགུལ་སྐྱོད་གཟའ་འཁོར་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་པར་མ་ཟད། རོགས་སྐྱོར་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ཡོང་སྒོ་འཕར་སྣོན་བྱས་ནས་དར་སྤེལ་ལ་རོགས་འདེགས་བྱེད་པ་བརྗོད་དོན་དུ་བྱས་ཏེ། ལས་ཞུགས་རོགས་སྐྱོར་འགུལ་སྐྱོད་གཟའ་འཁོར་གྱི་བྱ་འགུལ་སྤེལ་ནས། གཅིག་བསྡུས་སྒོས་ལས་ཞུགས་བྱས་མེད་པའི་དབུལ་ཐར་མི་གྲངས་ཀྱི་ལས་ཞུགས་བྱེད་ཐུབ་པར་བྱས་པ་དང་། ལས་ཀ་ཡོད་པའི་དབུལ་ཐར་མི་གྲངས་ཀྱི་ལས་ཞུགས་གཏན་འཇགས་སུ་བཏང་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་རྒྱ་སྐྱེད་དེ། གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།

བྱ་འགུལ་ཐད་ནས་དབུལ་ཐར་མི་གྲངས་དང་རོགས་སྐྱོར་བྱེད་ཡུལ་གྱི་ལས་ཞུགས་དང་འབྲེལ་བའི་ཆ་འཕྲིན་མཐིལ་རྟོགས་བརྟག་བཤེར་བྱས་པ་དང་། དབུལ་ཐར་མི་གྲངས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་དགོས་མཁོ་དང་ངལ་རྩོལ་རྣམ་པ་སོགས་གཞི་རྩའི་ཆ་འཕྲིན་ལ་རྒྱུས་ལོན་ཡང་དག་བྱས་ལ། དུས་ཐོག་ཏུ་རྒྱལ་ཡོངས་ཀྱི་ཕྱིར་དབུལ་བོར་འགྱུར་བ་བཀག་འགོག་བྱེད་པའི་ལྟ་ཞིབ་མ་ལག་ནང་འཇུག་བྱས་པར་མ་ཟད་དུས་ཚོད་ལྟར་གསར་བསྒྱུར་བྱས་ནས། ལས་ཞུགས་རྩིབ་ཐོ་གྲུབ་པར་བྱས། རིམ་པ་སོ་སོའི་སྤྱི་ཐུན་ལས་ཞུགས་ཞབས་ཞུ་སྟེགས་བུ་དང་གྲོང་གསེབ་དར་སྤེལ་བྱ་བའི་ཚན་ཆུང་རང་འགུལ་གྱིས་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་མི་བཀོལ་སྡེ་ཁག་བཅས་ལ་སོང་ནས། ཁ་གཏད་རང་བཞིན་ལྡན་པའི་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ལས་ཞུགས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ། མི་བཀོལ་སྡེ་ཁག་གིས་དབུལ་ཐར་མི་གྲངས་གཙོར་བཟུང་ནས་ལས་ཞུགས་བྱེད་དུ་འཇུག་པར་སྐུལ་སློང་བྱས།

དེ་དང་མཉམ་དུ། ཡུལ་དངོས་ནས་གཅིག་བསྡུས་སྒྲོག་འགྲེལ་དང་དྲ་ཐོག་ནས་ཆེད་དོན་བརྒྱུད་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། དུས་ཐོག་ཏུ་ལས་ཞུགས་ལས་སྐྲུན་སྲིད་ཇུས་ཀྱི་གསལ་ཕྲ་་དང་ལས་གཉེར་ཕྱོགས་སྟོན། མི་བསྡུ་ཆ་འཕྲིན་སོགས་དྲིལ་སྒྲོག་རྒྱུ་ཆ་སྤེལ་ནས། དབུལ་ཐར་མི་གྲངས་དང་མི་བཀོལ་སྡེ་ཁག་གིས་སྲིད་ཇུས་རྒྱུས་ལོན་བྱེད་པ་དང་སྲིད་ཇུས་ལོངས་སྤྱོད་བྱེད་པར་རོགས་རམ་བྱས། 

རིན་ཆེན་མཚོས་བསྒྱུར།