རིམས་ནད་འགོག་སྡོམ་ལས་དོན་གྱི་སྒྲིག་ལམ་སྔར་ལས་གཟབ་ནན་དུ་གཏོང་བ་དང་། ཉེན་ཟོན་སློབ་གསོར་ཤུགས་སྣོན་པ། ཟི་ལིང་གྲོང་ཁྱེར་ཡོངས་ཀྱི་སྡེ་ཁག་དང་ལས་ཁུངས་སོ་སོའི་རིམས་ནད་འགོག་སྡོམ་གྱི་འགན་འཁྲི་དངོས་འབེབས་ནན་མོ་བྱེད་ཆེད། རིམས་ནད་འགོག་སྡོམ་ཁྲོད་འགན་འཁྲི་ལག་བསྟར་བྱས་པ་མི་འདང་བའི་གནད་དོན་གཉིས་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར།
གཅིག མཁར་ནུབ་ཁུལ་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཞུའུ་རོང་ཅུན་གྱིས་རིམས་ནད་འགོག་སྡོམ་ལས་དོན་ཁྲོད་རྩ་འཛུགས་མཐུན་སྦྱོར་བྱས་པ་མི་འདང་བ་དང་ལས་དོན་མཐུན་སྦྱོར་ཡག་པོ་མ་བྱས་ལ། ཆེད་ལས་མཛུབ་སྟོན་ཞན་པ་དང་དངོས་འབེབས་སྐུལ་འདེད་བཏང་བ་དམིགས་སར་སླེབས་མེད་པས། སྐབས་བཅོ་ལྔ་པའི་ས་ཁུལ་ཏང་ཨུའི་རྒྱུན་ཨུ་གྲོས་ཚོགས་ཐེངས་བདུན་པས་ཞིབ་འཇུག་བྱས་པ་བརྒྱུད། ཞུའུ་རོང་ཅུན་གྱི་མཁར་ནུབ་ཁུལ་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་གི་འགན་ལེན་རྒྱུ་མ་ཟད། མཁར་ནུབ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེའི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་རྒྱུ་ཐག་བཅད།
གཉིས། མཁར་ནུབ་ཁུལ་རིམས་འགོག་ལྟེ་གནས་ཀྱི་ཀྲུའུ་རིན་ཆི་ཡུན་ཆིང་གིས་རིམས་ནད་འགོག་སྡོམ་ལས་དོན་ཁྲོད་འགན་འཁྲི་ལག་བསྟར་བྱས་པ་མི་འདང་བ་དང་ལས་འཛོལ་བྱུང་བ། དོ་དམ་འགན་འཛོལ་བྱུང་བས། སྐབས་བཅོ་ལྔ་པའི་ས་ཁུལ་ཏང་ཨུའི་རྒྱུན་ཨུ་གྲོས་ཚོགས་ཐེངས་བདུན་པས་ཞིབ་འཇུག་བྱས་པ་བརྒྱུད། ཆི་ཡུན་ཆིང་གི་མཁར་ནུབ་ཁུལ་རིམས་འགོག་ལྟེ་གནས་ཀྱི་ཀྲུའུ་རིན་གྱི་འགན་ལེན་རྒྱུ་མ་ཟད། མཁར་ནུབ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་རྩད་གཅོད་ནན་མོ་བྱེད་རྒྱུ་ཐག་བཅད།
ས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱེད་པ་དང་། ཟོལ་མེད་ཀྱིས་འགན་འཁྲི་སེམས་སུ་འཛིན་པ་དང་འགན་འཁྲི་འཁུར་བ། འགན་འཁྲི་མཐའ་འཁྱོལ་བཅས་བྱས་ཏེ། ཁྱབ་བསྒྲགས་བྱས་པའི་གནད་དོན་ལས་བསླབ་བྱ་བསྡུ་ལེན་བྱས་ནས་རང་དཔེ་གཞན་སྟོན་གྱིས་མིག་དཔེ་འཛུགས་པ་དང་། བློ་ཐག་རྦད་ཆོད་ཀྱིས་རིམས་ནད་འགོག་སྡོམ་གྱི་འགན་འཁྲི་ཁུར་དུ་བླངས་ནས། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་གཟབ་ནན་དང་ཞིབ་ཚགས་ངང་དངོས་འབེབས་དོན་འཁྱོལ་བྱས་ཏེ་རིམས་ནད་འགོག་སྡོམ་གྱི་གཡུལ་འགྱེད་ལ་རྒྱལ་ཁ་ལེན་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།